ཏང་འཛུགས་སྐྲུན་གྱིས“མཐུན་སྒྲིལ་འཆམ་མཐུན་རི་མོ”མཉམ་འབྲི་བྱས་པ།

“སྲིད་གཞུང་གི་རྩ་འཛུགས་མི་སྣས་ངའི་བོར་སོང་བའི་ནོར་གནག་བཙལ་རོགས་བྱས་པར་བཀའ་དྲིན་ཆེ་ཞུ། གལ་ཏེ་ཁོ་ཚོའི་དུས་ཐོག་ཏུ་བཙལ་རོགས་བྱས་མེད་ཚེ། ངའི་གྱོད་གུན་ཧ་ཅང་ཆེ།” ཟླ8པའི་ཚེས5ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སྐྱིད་སྨོན་ཡུལ་ཚོ་དཔོན་ཚང་གོང་མ་སྡེ་བའི་འབྲོག་པ་ཡེ་ཆེ་གེ་མོ་ཡུལ་ཚོ་སྲིད་གཞུང་དུ་ཡོང་ནས་བཀའ་དྲིན་ཞུས།

ཉིན་འགའི་སྔོན་ལ། ཡེ་ཆེ་གེ་མོས་རང་གི་ནོར་གནག300ལྷག་དེད་དེ་སྤྱི་ལེ15ཡི་མཚམས་སུ་ཡོད་པའི་དབྱར་སར་སོང་བ་དང་། ཕྱུགས་ཟོག་གི་གྲངས་མང་བའི་ཁར་བྱིས་པ་ཡང་སློབ་གྲྭར་བུད་སོང་བས། ཁོ་བཟའ་ཟླ་གཉིས་ལས་མེད་པ་དང་། ལམ་བར་དུ་ད་རུང་སེར་བ་དྲག་པོ་བབས་པས། ཕྱུགས་ཟོག་ཕྱོགས་བཞིར་བྲོས་ནས་ཁ་ཤས་ཤིག་བོར་སོང་བ་རེད། ཡེ་ཆེ་གེ་མོས་ཡུལ་ཚོ་ཏང་ཨུ་ལ་རོགས་སྐྱོར་ཡོང་རོགས་ཞུས་པས། ཏང་འཛུགས་མནའ་འབྲེལ་དང་ཉེ་འགྲམ་གྱི་གུང་ཧོ་རྫོང་སྤྲེའུ་ནག་གྲོང་རྡལ་གཉིས་ཀྱིས་མཉམ་དུ་སྡེ་བ་སོ་སོའི་ཏང་ཀྲི་པུའུ་རྩ་འཛུགས་བྱས་ཏེ་ཉིན2རིང་ལ་འཚོལ་རོགས་བྱས་པ་བརྒྱུད། བོར་སོང་བའི་ནོར་གནག35རྙེད་པ་རེད། ཏང་རྩ་འཛུགས་མནའ་འབྲེལ་གྱིས་གཅིག་གྱུར་བཀོད་འདོམས་དང་ཏང་ཀྲི་པུའུ་ཡིས་གནད་འཁེལ་དངོས་འབེབས་བྱེད་པ། ཏང་ཡོན་ཧུར་ཐག་གིས་དེའི་ནང་དུ་ཞུགས་པའི་ཆབ་སྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས།

སྐྱིད་སྨོན་ཡུལ་ཚོ་ནི་མཚོ་སྔོན་པོའི་ནུབ་བྱང་འགྲམ་གྱི“ཁུལ་གསུམ་དང་འབྲེལ་བའི་ས་ཆར”གནས་ཡོད་པ་དང་། ལྷོ་ཕྱོགས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྲེའུ་ནག་གྲོང་རྡལ་གྱི་ཆུ་བོ་ཞིག་དང་འབྲེལ་ལ། ནུབ་ཕྱོགས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གི་ཅོང་ཆུ་གྲོང་རྡལ་དང་འབྲེལ་ཡོད། ཁུག་ཀྱོག་མང་ལ་ལུང་བའི་ཁ་ཞེང་ཆེ་བའི་དམིགས་བསལ་གྱི་ས་གཤིས་འདིས་སྐྱིད་སྨོན་ཞང་གི་སྤྱི་ཚོགས་བཅོས་སྐྱོང་བྱ་བ་རྙོག་འཛིང་དང་དཀའ་ངལ་ཆེ་བར་བཏང་ཡོད།

ས་མཚམས་བཅོས་སྐྱོང་གི་དཀའ་གནད་བསལ་བ་དང་། ཡུལ་ཚོའི་ས་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་ཆེད། 2022ལོའི་དབྱར་ཁར། ཡུལ་ཚོ་དང་གྲོང་རྡལ་གསུམ་གྱི་ཏང་ཨུས“མཉམ་སྐྲུན་མཉམ་རོལ་དང་ཕན་ཚུན་ལ་སློབ་སྦྱོང་དང་སྐུལ་འདེད་བྱེད་པའི”ས་ཁོངས་ཀྱི་ཏང་འཛུགས་མནའ་འབྲེལ་འཚོལ་ཞིབ་བྱས་ཏེ་མངོན་འགྱུར་བྱུང་། ཏང་འཛུགས་མནའ་འབྲེལ་བཙུགས་རྗེས། ལོ་རེའི་འབྲོག་པ་དབྱར་དགུན་སར་གནས་སྤོར་བ་དང་དབྱར་རྩྭ་དགུན་འབུ་རྐོ་བ་སོགས་ཀྱི་གནད་དོན་དང་རྩོད་གཞི་འབྱུང་སླ་བའི་སྐབས་སུ། ཡུལ་ཚོ་དང་གྲོང་རྡལ་གསུམ་གྱི་མགོ་ཁྲིད་ཚན་ཆུང་མཉམ་གཅིག་ཏུ་འཛོམས་ནས། རྩྭ་སའི་རྩོད་གཞི་འདུམ་འགྲིག་དང་གྱོད་དོན་ཐག་གཅོད། འགྲོ་འོང་མི་སྣར་དོ་དམ། སྐོར་ཞིབ་འགོག་སྲུང་། བྲེལ་བསྟུན་ཐག་གཅོད་སོགས་སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་བྱ་བར་དམིགས་ཏེ་བསམ་བློ་བརྗེ་རེས་དང་བགྲོ་གླེང་བྱས་པར་མ་ཟད། ས་མཚམས་རྩོད་པའི་བྲེལ་བསྟུན་སྔོན་ཇུས་མཉམ་བཟོ་གཏན་འབེབས་དང་ས་ཁོངས་ཕྱི་ནས་འབྲེལ་གཏུག་པ་གདན་འདྲེན་བྱེད་པ། ལས་བྱེད་འབྲེལ་གཏུག་གི་སྐད་འཕྲིན་ཚོགས་པ་འཛུགས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཏང་འཛུགས་མནའ་འབྲེལ་གྱི་གྲུབ་འབྲས་རིམ་བཞིན་སྲ་བརྟན་དུ་བཏང་སྟེ། དགོས་མཁོ་ཡོད་པའི་སྐབས་སུ་དུས་ཐོག་ཏུ་བཀོལ་ཐུབ་པར་འགན་སྲུང་བྱས།

2023ལོའི་ཟླ12པར། ཐེམ་ཆེན་རྫོང་ཅོང་ཆུ་གྲོང་རྡལ་གྱི་གྱོད་བདག་དཔལ་ཆེ་གེ་མོས་བཀའ་དྲིན་མཚོན་བྱེད་དུ“སྤྲོ་སེམས་འཁོལ་བས་མི་དམངས་ལ་ཞབས་འདེགས་ཞུ། ལྷག་བསམ་དཀར་པོས་མང་ཚོགས་ཀྱི་དཀའ་སྡུག་སེལ”ཞེས་བྲིས་ཡོད་པའི་དར་བྱང་ཞིག་འཁྱེར་ཡོང་ནས་སྐྱིད་སྨོན་ཡུལ་ཚོའི་ལས་བྱེད་པར་བཀའ་དྲིན་ཞུས། དེའི་རྒྱུ་མཚན་ནི་ལོ་ངོ10ཡི་རིང་ལ་བྱུང་བའི་ས་མཚམས་ཀྱི་རྩོད་གཞི་ཞིག  ཡུལ་ཚོ་དང་གྲོང་རྡལ་གཉིས་ཀྱི་ལས་བྱེད་པས་དོན་དངོས་ལ་གཞི་བཅོལ་བ་དང་ཁྲིམས་ལྟར་དྲང་བདེན་སྒོས་འདུམ་འགྲིག་བྱས་ཏེ། ཕྱོགས་གཉིས་ཀའི་གྱོད་བདག་གི་ཞེ་འཁོན་མེད་པར་བཏང་ནས་མཐའ་མཇུག་འགྲིག་མཐུན་བྱུང་བས་རེད།

གྱོད་བདག་གཉིས་རྫོང་གཉིས་སུ་བསྡད་ཡོད་མོད། འོན་ཀྱང་མི་རབས་ནས་མི་རབས་བར་རྩྭ་ས་གཅིག་ཏུ་ཕྱུགས་འཚོ་བཞིན་ཡོད་པར་མ་ཟད། ད་དུང་མ་སྤུན་གྱི་འབྲེལ་བ་ཡོད། གྱོད་དོན་དང་འབྲེལ་བའི་རྩྭ་ས་དེའི་རྒྱ་ཁྱོན་ལ་མུའུ100(སྤྱི་ཆིང6.7)ཡོད་པ་དང་སྐྱིད་སྨོན་གྱི་མངའ་ཁོངས་སུ་ཡོད། རྩྭ་སའི་བདག་དབང་དཔང་ཡིག་ཏུ་བེད་སྤྱོད་ཁེ་དབང་དཔལ་ཆེ་གེ་མོར་དབང་བ་བྲིས་ཡོད་མོད།འོན་ཀྱང་དཔལ་ཆེ་གེ་མོའི་ཁྱིམ་ཐོ2005ལོར་ཐེམ་ཆེན་རྫོང་དུ་སྤར་ཏེ་གྱོད་དོན་དང་འབྲེལ་བའི་རྩྭ་ས་དེ་གྱོད་བདག་གཞན་པ་སྟེ་ཚེ་ཆེ་གེ་མོའི་ཕྱུགས་ཟོག་དང་བརྗེས་ལ། གྱོད་དོན་དང་འབྲེལ་བའི་རྩྭ་སའི་དངོས་ཡོད་བེད་སྤྱོད་པ་ནི་ཕྱུག་ནོར་ཞོལ་མ་སྡེ་བའི་ཚེ་ཆེ་གེ་མོ་རེད།

དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས། རྩྭ་སའི་རིན་ཐང་རིམ་བཞིན་འཕར་བས། དཔལ་ཆེ་གེ་མོས་ཉེ་བའི་ལོ10ཡི་རིང་ལ་ཚེ་ཆེ་གེ་མོར་འབྲེལ་བ་བྱས་ཏེ་གྱོད་དོན་དང་འབྲེལ་བའི་རྩྭ་ས་དེ་ཕྱིར་སྤྲོད་དགོས་ཚུལ་བཤད་མོད། འོན་ཀྱང་ཐག་གཅོད་མ་ཐུབ་པར་ད་རག་བར་དུ་ལུས། དོན་དག་བྱུང་བའི་ཉིན་དེར། དཔལ་ཆེ་གེ་མོ་དང་ཚེ་ཆེ་གེ་མོའི་བར་ལ་འགལ་བ་ཆེན་མོ་བྱུང་བས། ཕྱུག་ནོར་ཞོལ་མ་སྡེ་བའི“སྤྱི་ཚོགས་བཅོས་སྐྱོང་ལས་བྱེད་རུ་ཁག”གི་མགོ་གཙོ་ཚེ་དབང་ཐར་གྱིས་དུས་ཐོག་ཏུ་སྐྱིད་སྨོན་ཡུལ་ཚོ་ཏང་ཨུ་ལ་ཡར་ཞུ་བྱས། ཡུལ་ཚོ་ཏང་ཨུས་ཏང་འཛུགས་མནའ་འབྲེལ་བརྒྱུད། མགྱོགས་མྱུར་སྒོས་ཅོང་ཆུ་གྲོང་རྡལ་ཏང་ཨུ་ལ་འབྲེལ་གཏུག་བྱས་པ་དང་། ཕྱོགས་གཉིས་ཀྱིས་ས་མཚམས་འདུམ་འགྲིག་གི་གྲོས་གཞིར་གཞིགས་ཏེ། ཕྱོགས་སོ་སོའི་ལས་སྒོ་རྐང་འཛིན་པ་གསུམ་མངགས་གཏོང་བྱས་ནས་མཉམ་དུ་ས་མཚམས་གནད་དོན་ཐག་གཅོད་བྱེད་པའི་བྱ་བའི་ཚན་ཆུང་བཙུགས་པ་དང་། ལས་བྱེད་ཚན་ཆུང་གིས་བྱ་བའི་འགྲོ་རིམ་ལྟར་ཡུལ་དངོས་ལྟ་ཞིབ་དང་དཔང་རྟགས་འཚོལ་སྡུད། དཔལ་འབྱོར་རིན་ཐང་ཞིབ་རྩིས་སོགས་བྱས་རྗེས། མཇུག་མཐར་གྱོད་དོན་དང་འབྲེལ་བའི་རྩྭ་ས་དེ་དཔལ་ཆེ་གེ་མོར60%དང་ཚེ་ཆེ་གེ་མོར40%དབང་བ་ཐག་བཅད། རྩིས་བརྒྱབ་སྟེ་གནས་ལུགས་བཤད་པ་བརྒྱུད། གྱོད་བདག་ཕྱོགས་གཉིས་ཀ་འཐད་པ་བྱུང་བས། ལས་བྱེད་ཚན་ཆུང་གིས་འཁོར་སྐར་འཕྲུལ་ཆས་ལ་བརྟེན་ནས་རྩྭ་ས་བགོས་ཤིང་ཕྱོགས་གཉིས་ལ་མཐུན་འགྲིག་གྲོས་གཞི་སྟེང་མིང་རྟགས་འགོད་དུ་བཅུག

དོན་དག་མཇུག་བསྒྲིལ་རྗེས། ཡུལ་ཚོ་ཏང་ཨུའི་ཧྲུའུ་ཅི་ཀུའོ་ཀྲི་ཆང་གིས་དོན་དག་དེ་ཡིད་ལ་དྲན་ཐེངས་རེར་ཚོར་སྣང་ཟབ་མོས་བཤད་རྒྱུར། “ཏང་འཛུགས་མནའ་འབྲེལ་གྱིས་ལག་ལེན་དང་ཞིབ་བཤེར་རེ་རེའི་ཁྲོད་ནས་ཉམས་མྱོང་གསོག་འཇོག་བྱས་རྗེས། སྔོན་ཆད་ཉིན10དང་ཡང་ན་ཟླ་ཕྱེད་ཀྱི་རིང་ལ་ཐག་གཅོད་བྱེད་དགོས་པའི་བྱ་བ་ཁ་ཤས། ཕྱི་དྲོ་ཞིག་ལ་ཐག་བཅད་པས་གྱོད་བདག་ཀྱང་ཡིད་ཚིམས་ཡོད།”

“ཏང་འཛུགས་མནའ་འབྲེལ་བཙུགས་རྗེས། སྡེ་བ་དང་སྡེ་བའི་བར་གྱི་རྩ་འཛུགས་མཁར་རྫོང་གཏོར་ཏེ། ཐོན་ཁུངས་མཉམ་རོལ་དང་དགེ་མཚན་གསབ་རེས་བྱེད་པ་མངོན་འགྱུར་བྱུང་། ཏང་འཛུགས་མནའ་འབྲེལ་བརྒྱུད་དེ། ང་ཚོས་ཕྱོགས་སོ་སོའི་སྟོབས་ཤུགས་གོང་བུར་བསྒྲིལ་བ་དང་། ཐོན་ལས་མཉམ་དུ་ཇུས་འགོད་བྱས་ཏེ། བདེ་འཇགས་ཞང་གྲོང་མཉམ་སྐྲུན་བྱས་པ་དང་། བྲེལ་བསྟུན་མེ་འགོག་དང་ཐན་འགོག་གནོད་འཕྲི། ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་བྱ་བའི་ཁྲོད། ཏང་འཛུགས་མནའ་འབྲེལ་གྱིས་ནུས་པ་གཙོ་བོ་བཏོན་ལ། ཏང་འཛུགས་མནའ་འབྲེལ་གྱིས་ང་ཚོར་ཏང་འཛུགས་སྐྲུན་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་སྦས་ཤུགས་ཀྱང་མཐོང་དུ་བཅུག”ཅེས་སྐྱིད་སྨོན་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཡིའུ་ཅུན་གྱིས་བཤད་བྱུང་།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号