འོམ་ཆུའི་འགྲམ་དུ་མཐུན་སྒྲིལ་འཆམ་མཐུན་གྱི་རི་མོ་བྲིས་པ།

“སྔོན་ཆད་ང་ཚོའི་གཞིས་ཁུལ་དུ་ཅི་ཡང་མེད་ཅེས་བཤད་ཆོག ད་ལྟ་སྡེ་ཁུལ་གྱི་སྡོད་དམངས་ཨུ་ཡོན་ལྷན་ཁང་ལ་བརྟེན་ནས། ལུས་སྦྱོང་ཡོ་བྱད་དང་རིག་གནས་ཁྱམས་རིང་སོགས་ཀུན་འཛོམས་ཡིན་ལ། དོན་དག་ཡོད་ན་སྡོད་དམངས་རྣམས་ཀྱིས་གྲོས་བསྡུར་བྱེད་ཀྱིན་ཡོད་པས། སྡེ་ཁུལ་མཐུན་སྒྲིལ་འཆམ་མཐུན་ཡིན།”ཉེ་སྔོན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་མཁར་ཤར་སྡེ་ཁུལ་གྱི་སྡོད་དམངས་རྣམས། གཞིས་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་རིག་གནས་ཁྱམས་རིང་དུ་བསྡད་དེ་སྡེ་ཁུལ་གྱི་བཟང་ཆ་གླེང་བཞིན་འདུག

མཁར་ཤར་སྡེ་ཁུལ་ནི་རྒྱ་རིགས་དང་བོད་རིགས། ཧོར་རིགས། སོག་རིགས། ཧུའེ་རིགས་སོགས་ཀྱིས་གྲུབ་ལ། མི་རིགས་མང་པོ་འདུས་སྡོད་བྱས་པའི་སྡེ་ཁུལ་ཞིག་ཡིན། ལོ་འདི་འགའི་རིང་ལ། སྡེ་ཁུལ་དུ“སེ་འབྲུའི་ཚི་གུ་གཞིས་ཁྱིམ”བསྐྲུན་པར་ཧུར་ཐག་གིས་སྐུལ་འདེད་དང་། “མི་རིགས་མཐུན་སྒྲིལ་གཞིས་ཁྱིམ”གྱི་ཕྱོགས་བསྡུས་ཞབས་ཞུ་མ་ལག་གཞི་རྟེན་བྱེད་པ། “ཁྱིམ”གྱི་འདུ་ཤེས་ཀྱིས་སྡེ་ཁུལ་གྱི་རིགས་སོ་སོའི་སྡོད་དམངས་ལ་ཞབས་ཞུ་སྒྲུབ་པ། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་བྱ་བའི་ཐབས་ལམ་གསར་པ་སྔར་ལས་རྒྱ་བསྐྱེད་པ་བཅས་བྱས་པས། རྐང་ཚ་རྫོང་གི་མི་རིགས་མཐུན་སྒྲིལ་མཉམ་དུ་གོང་འཕེལ་འགྲོ་བའི་སྐྱེ་སྟོབས་ལྡན་པའི་བསྡུས་གཟུགས་ཤིག་ཏུ་གྱུར་ཡོད།

“གྲོགས་པོ་ཆུང་ཆུང་ཚོས་མྱུར་དུ་ལྟོས་དང་། འདི་ནི་རང་རེའི་རྒྱལ་ཁབ་ཀྱི་མི་རིགས་གང་གི་གྱོན་ཆས་རེད་དམ།”གུང་གསེང་སྐབས་སུ་ཕ་ཡུལ་དུ་ལོག་རྗེས། མཁར་ཤར་སྡེ་ཁུལ་དུ་བསྡད་ཡོད་པའི་སློབ་གྲྭ་ཆེན་མོ་བ་བློ་བཟང་གིས་སྡེ་ཁུལ་གྱི་གདན་ཞུས་ལྟར། སྡེ་ཁུལ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་བརྗོད་དོན་ཡིན་པའི་ལག་ལེན་སློབ་ཁྲིད་བྱེད་མགོ་བརྩམས།

“ངས་སློབ་ཆེན་དུ་སེམས་ཁམས་རིག་པ་སྦྱོང་བཞིན་ཡོད། ལོ་རེའི་དབྱར་དགུན་གནང་གི་སྐབས་སུ་སྡེ་ཁུལ་དུ་ཡོང་ནས་ལག་ལེན་སློབ་ཁྲིད་བྱས་པ་ཡིན་ལ། མཚམས་ལན་རེར་ཁྱིམ་དུ་སོང་ནས་སྡོད་དམངས་དང་ལོ་ཆུང་གཞོན་ནུ་ཚོར་སེམས་ཁམས་གནད་དོན་སེལ་རོགས་ཀྱི་བྱ་བ་ཕྲན་ཚེགས་བསྒྲུབས་པ་ཡིན།” བློ་བཟང་གིས་སེམས་གཏམ་བརྗོད་རྒྱུར། མོ་རང་འགུལ་ངང་སྡེ་ཁུལ་དུ་ཞུགས་པ་ནི་གཙོ་བོ་ཕ་མའི་ཤུགས་རྐྱེན་ཡིན་པ་དང་། མོའི་ཨ་ཕ་ནི་སོག་རིགས་དང་ཨ་མ་ནི་ཧུའེ་རིགས་ཡིན། བཟའ་མི་གང་བོའི་འདང་བརྩེ་ཟབ་པས། སྡེ་ཁུལ་གྱི“མི་རིགས་མཐུན་སྒྲིལ་གྱི་གཞིས་ཁྱིམ”དུ་གྱུར་ལ། འདི་ལྟ་བུའི་འཆམ་མཐུན་ཁྱིམ་ཚང་གི་ཁོར་ཡུག་འོག མོ་ཡང་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་གསར་འཛུགས་བྱ་བའི་ཁྲོད་ཞུགས་པ་རེད།

བློ་བཟང་སྡོད་ས་ནི་ཧྲེན་ཧུའུAཁུལ་ཡིན་པ་དང་། རྐང་ཚ་རྫོང་གིས་གསར་སྐྲུན་བྱས་པའི“སེ་འབྲུའི་ཚི་གུ་གཞིས་ཁྱིམ”གྲས་ཀྱི་གཅིག་རེད། སྡེ་ཁུལ་གྱིས་ཐོན་ཁུངས་གཅིག་སྒྲིལ་དང་། “སེ་འབྲུའི་ཚི་གུ”ཡི་སྙིང་སྟོབས་ནང་དོན་གཙོ་བོ་ཡིན་པའི་མི་རིགས་མཐུན་སྒྲིལ་གྱི་རིག་གནས་གྱང་དང་རིག་གནས་ཁྱམས་རིང་གསར་སྐྲུན་བྱེད་པ། མིག་གི་མཐོང་ས་ཞིག་ནས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བརྗོད་དོན་མཚོན་རྟགས(Logo)གཙོ་བོ་ཡིན་པའི་རྡོ་བརྐོས་དང་འཇིམ་བཟོ། མཚོན་རྟགས་བྱང་བུ་བཅས་བཙུགས་ཏེ། “སེ་འབྲུའི་ཚི་གུ་གཞིས་ཁྱིམ”མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་སྐྲུན་བྱ་འགུལ་གྱི་དྲིལ་སྒྲོག་བྱེད་ས་གཙོ་བོར་བརྩིས།

“ང་ཚོའི་སྡེ་ཁུལ་དུ་སྡོད་དམངས་མི5160ཡོད་པ་དང་། དེའི་ཁྲོད་དུ་གྲངས་ཉུང་མི་རིགས་ཀྱིས་སྡེ་ཁུལ་གྱི་སྤྱིའི་མི་གྲངས་ལས73%ཟིན་ཡོད།” མཁར་ཤར་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྥུན་ཡུས་ཆིང་གིས་གསར་འགོད་པར་བཤད་རྒྱུར། སྡེ་ཁུལ་གྱིས་གྲངས་ཉུང་མི་རིགས་མང་བའི་དངོས་ཡོད་ལ་ཟུང་འབྲེལ་དང་། 2020ལོ་ནས་བཟུང་མགོ་བརྩམས་ཏེ་སྡེ་ཁུལ་དུ“མི་རིགས་མཐུན་སྒྲིལ་གཞིས་ཁྱིམ”གསར་སྐྲུན་བྱས་ལ། གསར་སྐྲུན་བྱེད་སྐབས་མི་རིགས་མང་པོའི་ཁྱིམ་ཚང་གཙོ་བོར་བཟུང་བ་དང་། མི་རིགས་མཐུན་སྒྲིལ་གསར་སྐྲུན་གྱི་སྣེ་ཁྲིད་པ་སོགས་དཔྱད་འདེམ་གྱི་ཚད་གཞིར་བརྩིས་པ། རིགས་སོ་སོའི་མང་ཚོགས་ཀྱི་བསམ་པའི་ཁྱིམ་གཞིས་མཉམ་སྐྲུན་བྱས་ཏེ། སྡེ་ཁུལ་གྱི་འཆམ་མཐུན་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

མཁར་ཤར་སྡེ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་རྩ་བའི་ཁ་ཕྱོགས་སུ་བརྩི་བ་དང་། ཏང་འཛུགས་སྐྲུན་གྱི་མནའ་འབྲེལ་ཆེན་མོའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། མི་རིགས་མཐུན་སྒྲིལ་དང་ཏང་འཛུགས་སྐྲུན་གྱི་བྱ་བ་ནུས་ལྡན་སྒོས་མཉམ་བསྲེས་བྱེད་པ། “མི་རིགས་མཐུན་སྒྲིལ་ཡར་ཐོན+”གསར་སྐྲུན་བྱ་བར་ཏན་ཏིག་གིས་སྐུལ་འདེད་བྱས་ཏེ། མངའ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་བརྩེ་བའི་ལག་རྡང་སྦྲེལ་བ་དང་ཕན་ཚུན་ལ་སོ་སྲུང་རོགས་རེས་བྱེད་པ། ཞི་མཐུན་མཉམ་གནས་དང་འཆམ་མཐུན་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས།

“ཟླ8པར། མནའ་འབྲེལ་སྡེ་ཁག་ཡིན་པའི་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་སྡེ་ཁུལ་དུ་ཡོང་ནས། ཐོས་བསམ་སློབ་ཁང་དུ་སྡོད་དམངས་དང་མཉམ་དུ་མི་རིགས་ཀྱི་གཏམ་རྒྱུད་བཟང་པོ་བཤད་རྒྱུ་རེད”ཅེས་ཧྥུན་ཡུས་ཆིང་གིས་བཤད་པ་དང་། ཟླ་རེར་སྡེ་ཁུལ་དང་མངའ་ཁུལ་ནང་ཁུལ་གྱི་ཏང་ཀྲི་པུའུ་ཡིས་མཉམ་འབྲེལ་སྒོས་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་བ་དང་། ཏང་ཡོན་གྱིས་སྟོད་ཐུང་དམར་པོ་གོན་ཞིང་། རང་འགུལ་གྱིས་ཁྱིམ་ཚང་དུ་སོང་ནས་སྡོད་དམངས་ཀྱི་རེ་ཞུ་རྒྱུས་ལོན་བྱས་ཏེ། སྡོད་དམངས་ཀྱི་སེམས་ཁྲལ་དང་དཀའ་ངལ་ཐག་གཅོད་རོགས་བྱས།

“སྡེ་ཁུལ་གྱི་སྡོད་དམངས་མང་ཤོས་ནི་ཞང་གྲོང་གཞན་ནས་སྤར་ཡོང་སྟེ་གཏན་སྡོད་བྱས་ཡོད་པས། ང་ཚོར་རང་འགུལ་གྱིས་ཞང་གྲོང་གཞན་དག་ལ་མཐུད་སྦྲེལ་བྱས་ཤིང་། མཉམ་འབྲེལ་ཁྱིམ་ཚང་གི་མགོ་བས་བྱ་བ་ཁ་ཤས་ཚབ་སྒྲུབ་བྱས་ཏེ་སྡོད་དམངས་འགྲོ་མི་དགོས་པར་བཏང་།”ཧྥུན་ཡུས་ཆིང་གིས་བལྟས་ན། སྡོད་དམངས་ལ་ཞབས་ཞུ་ལེགས་པོར་བསྒྲུབ་ཚེ། ད་གཟོད་མང་ཚོགས་ཀྱི་བསམ་པ་གཅིག་ཏུ་བསྒྲིལ་བ་རེད། སྡེ་ཁུལ་གྱིས་རྐང་ཚ་རྫོང་གི“རིམ་པ་ལྔ་བའི་བདེ་འཇགས་དྲ་བར”བརྟེན། དྲ་མིག་པ་དང་མཉམ་འབྲེལ་ཁྱིམ་ཚང་གི་མགོ་བའི་ནུས་པ་འདོན་སྤེལ་བྱས་ཏེ། དྲ་ལམ་དང་ཡུལ་དངོས་སུ་མཉམ་དུ་ཤུགས་བཏོན་ནས་སྡོད་དམངས་ཀྱི་བྱ་བ་ལེགས་པོར་བསྒྲུབས།

སྡོད་དམངས་ཚེ་ཐར་རྒྱལ་ནི་སྡེ་ཁུལ་གྱི་དང་བླངས་པ་ཡིན་ལ། ཁོ་རང་འགུལ་ངང་སྡེ་ཁུལ་གྱི་བྱ་འགུལ་ཁྲོད་ཞུགས་ཏེ། སྡེ་ཁུལ་གྱི་སྡོད་དམངས་གཞན་དག་ལ་རོགས་རམ་བྱས་པས། སྡེ་ཁུལ་གྱི་མཉམ་འབྲེལ་ཁྱིམ་ཚང་གི་མགོ་བར་བདམས། ཉེ་ཆར། ཧྥུན་ཡུས་ཆིང་གིས་ཚེ་ཐར་རྒྱལ་གྱི་སེམས་མི་སྐྱིད་པ་མཐོང་ནས་ཁོར་དྲིས་པ་ན། ཁོས་བྱ་བ་མ་རྙེད་པས་སེམས་ཁྲལ་བྱེད་བཞིན་པ་ཤེས་སོང་།

“ངའི་ཨ་ཕ་མལ་སར་ལྷུང་ཡོད་པ་དང་། ཨ་མ་སྤྱི་ཕན་ལས་རྐང་དུ་ལས་ཞུགས་བྱེད་ཀྱིན་ཡོད་པས། ཨ་ཕར་བདག་སྐྱོང་བྱེད་བདེ་བའི་ཆེད་དུ་ངས་ཁྱིམ་གྱི་ཉེ་ས་ནས་བྱ་བ་མི་བཙལ་ཐབས་མེད་རེད།”ཚེ་ཐར་རྒྱལ་གྱིས་ངུ་མ་དགོད་ཀྱིས་དེ་ལྟར་བཤད་ལ། ཁྱིམ་གྱི་ཉེ་ས་ཀུན་ལ་སོང་ཡང་བྱ་བ་ཞིག་མ་རྙེད།

“སྡེ་ཁུལ་ནི་ཁྱིམ་ཚང་ཆུང་ཆུང་གིས་གྲུབ་པའི་ཁྱིམ་ཚང་ཆེན་མོ་ཞིག་ཡིན་ལ། ཁྱིམ་ཚང་ཆུང་ཆུང་བཟང་ན་ད་གཟོད་ཁྱིམ་ཆེན་མོ་དེ་བཟང་ངེས།”ཧྥུན་ཡུས་ཆིང་གིས་ཚེ་ཐར་རྒྱལ་གྱི་དོན་དག་ཡིད་ལ་བཟུང་བ་དང་། དེའི་རྗེས་སུ་མོས་མངའ་ཁུལ་གྱི་བརྩེ་སེམས་ཁེ་ལས་ཤིག་རྙེད་དེ། ཚེ་ཐར་རྒྱལ་ལ་ཁྱིམ་གྱི་ཉེ་ས་ནས་བྱ་བ་ཞིག་བཙལ། “བྱ་བ་འདི་ཡོད་ཚེ་ཁྱིམ་གྱི་ཡོང་སྒོ་ཡང་ཇེ་མང་དུ་འགྲོ་ཐུབ། སྡེ་ཁུལ་ལ་བཀའ་དྲིན་ཆེ་ཞུ”ཞེས་ཚེ་ཐར་རྒྱལ་གྱིས་བཤད་བྱུང་།

མཁར་ཤར་སྡེ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་གཙོ་ཐིག་ཏུ་བརྩི་བ་དང་། མཉམ་སྡོད་དང་མཉམ་སློབ། མཉམ་སྒྲུབ་དང་མཉམ་རོལ་གྱི་ཁོར་ཡུག་གསར་སྐྲུན་བྱས་ཏེ། སྡེ་ཁུལ་གྱི་རིགས་སོ་སོའི་རིག་གནས་ཕན་ཚུན་འབྲེལ་འདྲིས་མཉམ་འདྲེས་དང་དར་རྒྱས་གོང་འཕེལ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བྱས། མ་དངུལ་དང་ལས་གཞི་ཧུར་ཐག་གིས་བརྩོན་ལེན་དང་། “མཚོ་ངོགས་བོད་མཁར་གྱི་སྐོར་བྲོ་རུ་ཁག”སོགས་འཁྲབ་སྟོན་རུ་ཁག་སྒྲིག་འཛུགས་བྱེད་པ། “མི་རིགས་མཐུན་སྒྲིལ་གཞིས་ཁྱིམ”དང“ཏང་ཡོན་ཞབས་ཞུ་ས་ཚིགས”“ལོ་ཆུང་གཞོན་ནུའི་མི་རིགས་མཐུན་སྒྲིལ་སློབ་གསོ་ལྟེ་གནས”སོགས་ཀྱི་གཡུལ་ས་གཙོ་བོའི་ཕན་ནུས་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱི“བསམ་པའི་གཞིས་ཁྱིམ”ཕུན་ཚོགས་སུ་བཏང་།

“མང་ཚོགས་ལ་འབྲེལ་འདྲིས་མང་པོ་བྱས་ན། ཆེས་ཆེ་བའི་ཡོང་སྒོ་ནི་སྡོད་དམངས་རྣམས་རང་ཉིད་ཀྱི་ཁྱིམ་མི་ལྟར་བཀུར་ཐུབ་པ་དེ་རེད།”ཧྥུན་ཡུས་ཆིང་གིས་བལྟས་ན། སྡེ་ཁུལ་གྱི་བྱ་བ་དཀའ་རྙོག་ཆེ་བ་དང་། སྡོད་དམངས་ཀྱི་འཚོ་བར་དོན་དག་ཆེ་ཕྲ་སྣ་ཚོགས་ཡོད་མོད། འོན་ཀྱང་རིགས་སོ་སོའི་སྡོད་དམངས་རང་གི་ཁྱིམ་མི་བཞིན་བརྩིས་ན། ད་གཟོད་སྡེ་ཁུལ་གྱི་བྱ་བ་ལེགས་པོར་བསྒྲུབ་ཐུབ་ཅིང་། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པ་ཡང་དངོས་གནས་བསྒྲུབ་ཐུབ་པ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号