ཤ་བོ་སྐྱབས་ཀྱིས་བོད་ལྗོངས་བདུད་རྩི་བོད་སྨན་ཐོན་ལས་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་གི་འཇམ་དབྱངས་སྐྱབས་འཁོར་དང་བཅས་པར་ངོ་འཕྲད་གྲོས་མོལ་གནང་།

ཟླ4པའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བོད་ལྗོངས་བདུད་རྩི་བོད་སྨན་ཐོན་ལས་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་གཉེར་པ་གཞོན་པ་འཇམ་དབྱངས་སྐྱབས་འཁོར་དང་བཅས་པར་ས་གནས་གཉིས་ཀྱི་སྨན་རྫས་ཐོན་ལས་མཉམ་ལས་འཕེལ་རྒྱས་ཐད་ངོ་འཕྲད་གྲོས་མོལ་གནང་།

ཤ་བོ་སྐྱབས་ཀྱིས་འཇམ་དབྱངས་སྐྱབས་འཁོར་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་། ཁོང་གིས་བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཅན་གྱི་འཕེལ་རྒྱས་མགོ་འཛུགས་ས་སྔ་བ་དང་བོད་ལུགས་གསོ་རིག་གི“སྨན་བཅོས་དང་སློབ་གསོ། ཞིབ་འཇུག ཐོན་སྐྱེད།”བཅས་མཐུན་སྦྱོར་འཕེལ་རྒྱས་གནད་སྨིན་བྱུང་ནས་བོད་ལྗོངས་ཀྱི་དོན་དངོས་དང་མཐུན་པའི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད། བདུད་རྩི་བོད་སྨན་ཐོན་ལས་སྡེ་ཚོགས་ནི་རྒྱལ་ནང་གི་ལག་རྩལ་སྔོན་ཐོན་དང་སྒྲིག་སྲོལ་འཐུས་ཚང་། སྟོབས་ཤུགས་ཆེ་བ་བཅས་ཀྱི་བོད་སྨན་ཁེ་ལས་ཤིག་ཡིན་པས་མཚོ་བྱང་དང་མཉམ་ལས་ཀྱི་བར་སྟོང་ཧ་ཅང་ཆེན་པོ་ཡོད། མཚོ་བྱང་གི་བོད་སྨན་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པ་དང་བོད་སྨན་གྱི་སྨན་རྫས་ཐོན་ཁུངས་ཕུན་སུམ་ཚོགས་པ། ཁུལ་དང་རྫོང་གི་བོད་སྨན་ཁང་གི་འཁོར་སྐྱོད་ཡག་པ་དང་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་ཀྱི་སྒྲིག་ཆས་ཆ་ཚང་པ། ཁུལ་བོད་སྨན་ཁང་གི་སྨན་སྦྱོར་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ། ད་ལྟའི་དུས་མཚམས་སུ་བོད་སྨན་གྱི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞིའི་ཞིབ་འཇུག་ལ་སྔར་བས་ཤུགས་སྣོན་དགོས་པ་དང་། བོད་སྨན་གྱི་ཆེད་ལས་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱེད་པ་དང་། སྲོལ་རྒྱུན་གྱི་བཟོ་རྩལ་དང་དེང་རབས་ཀྱི་ཚན་རྩལ་ལ་བརྟེན་ནས་བོད་སྨན་གྱི་ཐོན་རྫས་གསར་སྤེལ་བྱེད་པ། ཞིབ་འཇུག་གསར་སྤེལ་གྱི་ནུས་པ་དང་ཐོན་སྐྱེད་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ནས་མང་ཚོགས་ལ་སྔར་ལས་སྤུས་ལེགས་དང་ཕན་འབྲས་ཆེ་ལ་སྟབས་བདེ་བའི་ཀྲུང་བོད་གསོ་རིག་ཞབས་ཞུ་མཁོ་འདོན་བྱེད་དགོས་པས། ཕྱོགས་གཉིས་ཀྱིས་མཉམ་ལས་གཏིང་ཟབ་བྱེད་པའི་རེ་བ་ཡོད་དེ། གཅིག་ནས་ཐུན་མོང་ཐོག་བོད་སྨན་བྱ་གཞག་རྒྱུན་འཛིན་དང་འཇོན་མི་གསོ་སྐྱོང་། ཚན་ཞིབ་ནུས་པ་ཆེར་གཏོང་། བདེ་ཐང་ཐོན་ལས་འཕེལ་རྒྱས། བོད་སྨན་རིག་གནས་བརྗེ་རེས་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་བྱས་ནས་ས་གནས་གཉིས་ཀྱི་བོད་ལུགས་གསོ་རིག་གི་སྨན་བཅོས་དང་ཚན་ཞིབ། ཐོན་ལས་བཅས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ། གཉིས་ནས་མཚོ་བྱང་གི་ཀྲུང་བོད་གསོ་རིག་དང་ཁམས་གསོ་སོགས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། མཚོ་བྱང་བོད་སྨན་ཁང་བོད་སྨན་སྡེབ་སྦྱོར་ཁང་གི་འབྲེལ་ཡོད་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་སྨན་རྫས་ཐོན་ལས་མཐོར་འདེགས་གཏོང་རྒྱུར་དམིགས་ཏེ། བདེ་ཐང་ཡུལ་སྐོར་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་པ་དང་། མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་བདེ་ཐང་ཐོན་ལས་ཀྱི་སྐྱེ་ཁམས་ཆ་ཚང་པའི་ཀྲུང་བོད་གསོ་རིག་དུས་མཉམ་དུ་བཏོད་དེ་མཚོ་བྱང་གི་ཀྲུང་བོད་གསོ་རིག་གི་བྱ་གཞག་སྟོབས་ཆེར་གཏོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ། གསུམ་ནས་རྒྱལ་ཁབ་མ་འཇོག་སྤྱི་གཉེར་ཁང་གི་སྐུལ་ཁྲིད་ནུས་པ་དང་བོད་ལྗོངས་བདུད་རྩི་བོད་སྨན་ཐོན་ལས་སྡེ་ཚོགས་སྐྱེད་སྲིང་བྱས་ནས་ཁྲོམ་རར་འདོན་པའི་གོ་སྐབས་ལ་གཞི་ཚུགས་ཏེ། ཁུལ་འཕྲོད་བསྟེན་ལས་རིགས་ཀྱི་གཙོ་གཉེར་སྡེ་ཁག་དང་བོད་སྨན་ཁང་གིས་སྡེ་ཁག་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས། བོད་ལྗོངས་བདུད་རྩི་བོད་སྨན་ཐོན་ལས་སྡེ་ཚོགས་དང་འབྲེལ་གཏུག་བརྗེ་རེས་བྱ་རྒྱུར་ཤུགས་སྣོན་དམ་ཟབ་བརྒྱབ་སྟེ། མཉམ་ལས་གཉིས་ཕན་ཧུར་ཐག་ཡོང་བ་བྱས་ནས་སྲོལ་རྒྱུན་གྱི་བོད་སྨན་ལ་སྐྱེ་སྟོབས་གསར་བ་སྩོལ་རོགས་ཟེར།

འཇམ་དབྱངས་སྐྱབས་ཀྱིས་མཚོ་བྱང་གི་གསར་བརྗེའི་ཐོན་ཁུངས་མངོན་གསལ་དོད་པ་དང་རང་བྱུང་ས་ཁམས་ཀྱི་ཆ་རྐྱེན་ཐུན་མོང་མ་ཡིན་པ། བོད་སྨན་གྱི་སྨན་རྫས་ཐོན་ཁུངས་ཕུན་སུམ་ཚོགས་པ། སྨན་ཁང་གི་བོད་སྨན་སྡེབ་སྦྱོར་ཐོན་ལས་ཆ་ཚང་པ། མང་ཚོགས་ཀྱི་རྨང་གཞི་དང་བོད་སྨན་གྱི་མཚན་ལྡན་སྨན་པའི་རྨང་གཞི་བརྟན་པོ་ཡོད་པས། བོད་ལུགས་གསོ་རིག་གི་བྱ་གཞག་འཕེལ་རྒྱས་གཏོང་པའི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བར་མ་ཟད། བོད་སྨན་ཐོན་ལས་ཀྱི་མ་བཅོས་རྒྱུ་ཆ་མཁོ་སྤྲོད་དང་ཚན་ཞིབ་མཉམ་ལས། ཆ་འཕྲིན་བརྗེ་རེས། སྨན་རྫས་ལས་སྣོན། སྨན་རྫས་ཕྱིར་འཚོང་གི་ལས་སྒོ་སོགས་ཀྱི་ཐད་ཕྱོགས་གཉིས་ཀྱིས་མཉམ་ལས་བྱས་ཏེ། མཚོ་བྱང་གི་བོད་སྨན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་པར་བསྟན།

ཁུལ་དཔོན་གཞོན་པ་ཧ་ཝུན་ཞིག་དང་། ཁུལ་བཟོ་འཕྲིན་དང་། འཕྲོད་བསྟེན། ཁྲོམ་ར་ལྟ་སྐུལ། རྒྱལ་ཁབ་མ་འཇོག བོད་སྨན་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་ངོ་འཕྲད་གྲོས་མོལ་ནང་ཞུགས།

ཕག་མོ་ཚེ་བརྟན་གྱིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号