མཚོ་བྱང་ཁུལ་གྱིས་ནན་ཏན་སྒོས་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པ།
“སེན་མོ་མཛེས་བཟོ་ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད་ངས་སེན་མོ་བཟོ་བཅོས་དང་འོད་འདོན་ཤེས་པ་མ་ཟད། ད་དུང་འགུལ་རིས་དང་མེ་ཏོག ཚོན་རྒྱག་པ་སོགས་སེན་མོ་མཛེས་བཟོ་བྱེད་པའི་རྣམ་པ་མང་པོ་ཞིག་བཟོ་ཤེས་པ་དང་། རྗེས་ཕྱོགས་ཀྱི་བྱ་གཞག་གསར་གཏོད་ལ་རྨང་གཞི་བཏིང་ཡོད”ཞེས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི་ལས་གཏོད་རྩལ་ནུས་གསོ་སྦྱོང་ལ་ཞུགས་པའི་སློབ་མ་ཞིག་གིས་དེ་ལྟར་བཤད། ངོ་སྤྲོད་བྱས་པ་ལྟར་ན། མཚོ་བྱང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས“ལས་རིགས་རྩལ་ནུས་ཆུ་ཚད་སྲ་བརྟན་དང་མཐོ་རུ་གཏོང་བའི་འཆར་གཞི”དོན་འཁྱོལ་བྱ་རྒྱུ་དེ2024ལོའི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་གི་བྱ་བའི་གཙོ་གནད་ནང་འཇུག་པ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་དེ་ལས་ཞུགས་བརྟན་བརླིང་དང་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་ཟླ་ཞི་ལྷོད་དུ་གཏོང་བའི་གནད་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་དང་ངལ་ལས་ཆས་རྟགས་གསོ་སྐྱོང་དང་ཟུང་འབྲེལ་བྱས་ཤིང་། དབུལ་ཐར་ངལ་རྩོལ་ནུས་ཤུགས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་མི་སྣ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སོགས་གཙོ་གནད་ཚོགས་སྤྱིའི་གསོ་སྦྱོང་དགོས་མཁོར་ཁ་ཕྱོགས་ཏེ། “མངགས་ཐོ་རྣམ་པའི”གསོ་སྦྱོང་གནད་ལ་འཁེལ་བའི་སྒོ་ནས་བྱས། མིག་སྔའི་བར་ལས་གཏོད་གསོ་སྦྱོང་དང་འཚེམ་དྲུབ། སེན་མོ་མཛེས་བཟོ། མི་རིགས་གླུ་གར། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་གཞུང་རྒྱུགས་གསོ་སྦྱོང་སོགས་ལས་རིགས་རྩལ་ནུས་གསོ་སྦྱོང་ཁྱོན་ཐེངས9ལ་སྤེལ་བ་དང་མི་ཐེངས392གསོ་སྦྱོང་ལ་ཞུགས།
ཡུལ་ཚོ་དང་གྲོང་རྡལ་གྱི་ལས་ཞུགས་འབྲེལ་གཏུག་པ་དང་སྡེ་སྡོད་ལས་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་གི་འདོད་མོས་བརྟག་དཔྱད་ལེགས་པོ་བྱེད་པ་དང་དུས་མཚུངས་སུ“གསོ་སྦྱོང+ལས་ཞུགས”གཞི་གཅིག་ཅན་གྱི་རྣམ་པ་སྤྱད་དེ2024ལོའི“དཔྱིད་རླུང་འགུལ་སྐྱོད”ལས་དྲ་ཐོག་དང་དྲ་ཕྱིའི་ཡུལ་དངོས་ལས་བསྡུའི་ཚོགས་འདུ་ཐེངས9ལ་སྤེལ་ཞིང་། ཁེ་ལས238རྩ་འཛུགས་བྱས་ནས་ལས་ཞུགས་ལས་གནས7800ལྷག་མཁོ་འདོན་བྱས་ལ། རྩ་འཛུགས་ཡོད་པའི་ངལ་ལས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་གཅིག་སྡུད་སྒོས་སྒོ་ཕྱི་རུ་ཞོར་ལས་རྒྱག་པའི་ལས་བཟོ་བར“གནས་དང་གནས”ལྟར་ཞབས་ཞུ་མཁོ་འདོན་བྱས་ཏེ། རྩ་འཛུགས་ཅན་གྱི་ཕྱིར་གཏོང་མི་ཐེངས3146མངོན་འགྱུར་བྱུང་སྟེ། མི་དང་ལས་གནས་གནད་ལ་འཁེལ་བའི་སྒོ་ནས་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ་སོགས་རྩལ་ནུས་གསོ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་གསོ་སྦྱོང་བྱས་རྗེས་ཀྱི་ལས་ཞུགས་བྱེད་ཚད་མཐོར་འདེགས་སུ་བཏང་།