འཁོར་བའི་ཐག་སྣེར་དྲུད་པའི་སེམས་པ།
རྩོམ་པ་པོ། མདའ་སྲིན་པོ།
སྙིང་ཉེ་བའི་ཁྱོད་དང ཁྱོད་ཀྱི་ཡིད་འོང་གི་ཁེར་རྐྱང་དེ
ངས་རང་གི་སེམས་པ་དཀར་པོའི་གཤོག་འོག་ཏུ་གླན་ཞིང
ཁ་རོག་གེར་མི་རྟག་པའི་ཐ་སྙད་སྣ་ཚོགས་བསོགས
ནམ་རྒྱུན ཁྱོད་ནི་དཀྱུས་མ་མིན་པའི་མཛེས་སྡུག་ཅིག་གམ
ཡང་ན བདག་གི་ལས་དབང་གི་སྙི་སར་སྨིན་པའི
བརྩེ་དུང་གི་ཨུ་དམ་ཝ་ར་དེ་ཡིན་ངེས
སྔོན་ཆད་ནས་བཙལ་འདོད་པ་དེ་དག
ན་ཚོད་ཀྱི་ཁ་ཆད་ལྟར་རྙེད་འོང་བ་ཞིག་གཏན་ནས་མེད
འགྱུར་བ་གང་ཞིག་གི་རྒྱབ་ལོགས་སུ
ང་ཚོས་རང་ཉིད་གསལ་བའི་མེ་ལོང་དེ་བཤམས་འོས
རྩྭ་ཐང་འདི མཐའ་མེད་པའི་རྩི་ཏོག་གིས་ཡང་ཡང་སྐྱོམ་དུས
སྐད་ཅིག་མ་ནི་དབྱར་ལ་ཕྱེས་པའི་སྤྲིན་པ་དཀར་ནག་གི་ཡོལ་བ་དང་འདྲ་སྟེ
ཕྱེད་ཀ་བདེ་གཟར་ཤོར་བའི་དུས་ཚོད་ཀྱི་བསྐྱར་ཟློས་འདིས
ཁོར་ཡུག་དང་བར་ཐག་གི་འཁང་ར་ནི་ཇི་འདྲའི་འཛད་མེད་ཅིག་རེད་ཨང
ས་སྲོད་ཀྱི་ཕྱིར་མིག་མག་མོག་དེ དུ་བ་ལང་ལོང་གི་རུ་སྡེ་དང་ལྷན་དུ
ང་རང་བསླེབས་མྱོང་ཞིང་ཁྱོད་རང་ནར་སོན་སའི
ཕ་ཡུལ་ལམ ཡང་ན ཕ་ཡུལ་གྱི་དྲན་ངོགས་སུ
དྲོ་ཞིང་བསིལ་བའི་ལུས་སེམས་ཀྱི་གཞས་དབྱངས་བཏང་སྟེ
མཐའ་ཡས་པའི་བསམ་གཞིག་གི་ཡལ་ག་སྨིན་དུ་བཅུག
རི་ལུང་དག་དལ་ཅག་གེར་གནས་དོན་ནི
ཁྱོད་ཀྱི རང་གི་ལུག་ཁྱུ་བོར་བ་དང་ཡེ་ནས་མི་འདྲ་སྟེ
གངས་དང་སྨུག་པའི་རི་ཀླུང་དུ
སྤྲིན་དཀར་གྱི་བང་རིམ་འཇའ་འོད་དང་འདྲ་ན
རྩྭ་ཐང་དུ ཆར་བ་སིམ་སིམ་ཁྲོད་མེ་འབུད་མཁན་དེ
ཡང་ན སྔོན་མོ་ཆུ་བོའི་ཇ་བསྐོལ་མཁན་དེ
ཁྱོད་ཀྱི མེས་པོའི་ཡིག་ཆུང་དང་འབྲེལ་བའི་འཚོ་བའི་མུ་རྒྱུན་རེད
ཉི་འོད་ལམ་ལམ་འཚེར་བའི་ཡུལ་ལྗོངས་འདི་དག
མི་རྣམས་ཀྱིས་ངལ་གསོ་གཏོང་བའི་གནས་མལ་དུ་འདོད་ཀྱང
མེ་ཏོག་སྣ་གཅིག་དབྱར་ལ་སྐམ་ཤུལ་དུ
ཆར་བ་སྔར་བཞིན་ཟླ་བདུན་པར་བབས་བྱུང
ཁྱོད་རང ཕ་ཡུལ་དུ་དལ་བྲེལ་མེད་པར་བསྡད་ཆོག
སྐྱིད་སྡུག་རྐྱ་བཤིབ་པའི་འཁོར་བའི་ཐག་སྣེ་རུ
འཇིག་རྟེན་ནི བསམ་མི་ཤེས་པའི་བྱིས་པ་ཞིག་སྟེ
ནར་མ་སོན་པའི་གཤིས་ཀ་གཉོམ་པོ་ལས
དྲན་པ་འཇོག་མཁན་གྱི་བཞིན་རས་དང་འཛུམ་ཆུང་མི་བརྗེད་རོགས
བར་ཐག་འདི ལེ་དབར་ག་ཙམ་ནས་མཆེད་འོངས་པ་ཡིན་ནམ
སྐྱས་ལམ་རིང་མོ་ཞིག་ཉིན་མཚན་མེད་པར་བརྒལ་ཏེ
མཐོ་སྒང་དུ་འབོད་པའི་རེས་དྲོ་རེས་འཁྱག་གི་འབྲོག་ཐང་དུ
ང་ལ གནའ་མི་ཚོའི་ཁྲེལ་གཞུང་དང་ཆ་ལུགས་ལྡན་པའི
ཁྱོད་ཀྱི་བབས་ཆགས་པའི་སྐད་ཆ་དང་རྫི་གླུ་ལས་ཅི་ཡང་མི་མཁོ
འགྲོས་དལ་བའི་ཆུ་བོ་གྱ་གྱུས་བཞུར་ཞིང
སྒོ་ཁྱིའི་ཟུག་སྐད་ཀྱང་རླུང་བུ་ཟ་ཟིས་ཁྱེར་ཏེ
ནམ་སྟོད་ཀྱི་རྨི་ལམ་ནམ་སྨད་ལ་རྨི་དུས
སེམས་སུ་བསྙལ་ཟིན་པ་མཐའ་དག
ཞེན་ཆགས་ཀྱི་མདུད་པས་དམ་དུ་བསྡམས་ཏེ
ཁྱོད་ཀྱི་ཞོགས་པ་དང་ཉི་འོད་ལ་བསྐྱུར་ཡོད
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注