ངས་བྲིས་པ་ཡོད་ཚད།
རྩོམ་པ་པོ། : དབྱངས་ཞི་བ།
ཤོག་དཀར་ངོས་སུ།
བྱིས་པའི་ལང་ཚོ་བྲིས།
ངུ་ངག་གི་དབྱངས་རྟ་བྲིས།
ས་རྡོ་ཡི་རྩེད་ར་བྲིས།
ཨ་ཕ་ཡི་སྙིང་གཏམ་བྲིས།
ཨ་མ་ཡི་བྱམས་བརྩེ་བྲིས།
སྐྱིད་ལ་ཉལ་བའི་དབྱར་ཁ་བྲིས།
མདོར་ན།ཆུང་དུས་ཀྱི་སྣང་བ་ཡོད་ཚད་བྲིས།
གྱང་ངོས་སུ།
སྟག་ཤར་གྱི་ཕོ་ཉམས་བྲིས།
བརྩེ་དུང་གི་མཚོ་མོ་བྲིས།
སྙིང་གྲོགས་ཀྱི་སྙན་ངག་བྲིས།
གཤོག་ཐོགས་ཀྱི་ཕུགས་འདུན་བྲིས།
མེས་པོ་ཡི་རུས་རྐང་བྲིས།
ཕ་སྐད་ཀྱི་ལས་དབང་བྲིས།
མི་ཁ་ལྷགས་རླུང་གི་དགུན་ཁ་བྲིས།
མདོར་ན། སྟག་ཤར་སྣང་མཐོ་ཡི་ཚོར་བ་རབ་རིབ་བྲིས།
རྡོ་རིང་ངོས་སུ།
ལོ་ཟླའི་གོ་རིམ་བྲིས།
གྲིབ་གཟུགས་ཀྱི་གཟི་འོད་བྲིས།
ཐོད་པ་ཡི་རྒས་གཉེར་བྲིས།
འབྲུ་དྲུག་གི་དབྱངས་རྟ་བྲིས།
སྟོན་རླུང་གིས་ཁྱེར་བའི་ན་ཟུག་བྲིས།
མདོར་ན། སྐྲ་དཀར་དང་འདྲེས་པའི་ལ་ཁའི་ཉི་འོད་བྲིས།
ཀྱ་ཀྱོག་གི་ལམ་ངོས་སུ།
དགའ་སྐྱོ་འདྲེས་མའི་རྨི་ལམ་བྲིས།
ཟིང་ཟིང་གི་འཇིག་རྟེན་བྲིས།
འཛུམ་དཀར་གྱི་ལྷ་མོ་བྲིས།
དཔྱིད་དཔལ་དང་མཉམ་དུ་མེ་ཏོག་བྲིས།
མདོར་ན། ཚོར་བ་མག་མོག་གི་འགན་འཁྲི་བྲིས། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注