ཤ་བོ་སྐྱབས་ཀྱིས་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ལ་མཇལ་འཕྲད་གནང་བ།

ཟླ3པའི་ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྣེ་ཁྲིད་དེ་ཟི་ལིང་དུ་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ལ་མཇལ་འཕྲད་གནང་བར་ཕེབས་ནས་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་ཞོ་ཧྥེས་ཧུའུ་དང་མཉམ་དུ་གཞུང་ཁོངས་ཁེ་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཞུགས་མོལ་བརྗེ་རེས་གནང་བ་དང་། ཀྲུའུ་རིན་གཞོན་པ་ལོན་ཧྥིན་ཅང་དང་འབྲེལ་ཡོད་ཁྲུའུ་དང་ཁང་གི་འགན་འཁུར་བློ་མཐུན་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པར་མ་ཟད་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་། ཁོས་བཤད་རྒྱུར་མཚོ་བྱང་གི་རྒྱབ་ཕྱོགས་ནི་བརྟན་ཞིང་འགྱིང་བརྗིད་ཆགས་མདོ་ལ་རིང་མོ་དང་མདུན་ཕྱོགས་ནི་ལྟེམ་མེར་འཁྱིལ་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ཡིན། ཞིང་ཆེན་གྱི་ལྟེ་བ་ཟི་ལིང་ནི་ཁྱིམ་མཚེས་ཡིན་པས་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་དང་། མྱུར་བགྲོད་གཞུང་ལམ་རྫོང་བཞིར་སྦྲེལ་མཐུད་ཡིན་ལ་སྒུལ་འཁོར་ལྷོ་བྱང་བརྒྱུད་ཡོད་ཅིང་། འགྲིམ་འགྲུལ་གྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད། ད་ལྟ་མདའ་བཞི་རྫོང་ཆུ་དམར་འགག་བཟོ་ལས་གླིང་དང་འཇུ་ལག་དེང་རབས་ཐོན་ལས་གླིང་སོགས་ཐོན་ལས་གླིང་བཅུ་ཡོད་པས་འཕེལ་རྒྱས་ཀྱི་རྨང་གཞི་ཡག་པོ་ཡོད་པ་དང་། ཧྲན་ཏུང་ཞིང་ཆེན་དང་རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས། ཀྲུང་གོའི་ཧྭ་ཡང་སྡེ་ཚོགས། ཀྲུང་གོའི་འབྲུ་རིགས་སྡེ་ཚོགས། གཏེར་ལྔ་སྡེ་ཚོགས་བཅས་ཀྱི་ཁ་གཏད་རོགས་སྐྱོར་ཐོབ་པས་འཕེལ་རྒྱས་ཀྱི་གོ་སྐབས་ཅུང་མང་པོ་ལྡན། ཉེ་བའི་ལོ་ཤས་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་དམ་པོར་བཟུང་ནས་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་ལ་དམིགས་ཏེ་འཐབ་ཇུས་འཆར་གཞི་བཟོས་པ་དང་སྲིད་ཇུས་འཐུས་ཚང་བཏོན་ནས་ནུས་ཤུགས་ཡོད་རྒུས་ཚོང་འགུགས་མ་འདྲེན་གྱི་བྱ་བ་སྤེལ་བ་དང་ཐོན་ལས་ཕྱོགས་སྒྱུར་དང་སྒུལ་ནུས་བརྗེ་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མཚོ་བྱང་གི་ཁྱད་ལྡན་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ཡོད་ཟེར། ཤ་བོ་སྐྱབས་ཀྱིས་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ལས་སྟེགས་དང་ཐོན་ཁུངས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ཏེ་མཚོ་བྱང་གི་དཔལ་འབྱོར་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་དེ། གཅིག་ནས་མཚོ་བྱང་ཐོན་ཁུངས་ཀྱི་ལྷན་སྐྱེས་ནུས་པ་དང་ཁྱད་ལྡན་ལེགས་ཆར་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་དང་ཞིང་ཆེན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་ཁེ་ལས་མཚོ་བྱང་དུ་མ་འཇོག་བཀོད་སྒྲིག་བྱེད་དུ་ཡོང་རྒྱུར་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ་དང་། མཚོ་བྱང་འཕེལ་རྒྱས་དང་འཚམ་པའི་སྣེ་འདྲེན་ཁེ་ལས་འོས་སྦྱོར་བྱས་ནས་མ་འཇོག་ལས་དར་བྱེད་པར་ཡོང་བ་དང་རྣམ་གྲངས་བཀོད་སྒྲིག་དང་གཟིགས་སྐྱོང་སྲིད་ཇུས་ཐད་དམིགས་བསལ་བྱས་ཏེ་མཚོ་བྱང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རོགས། གཉིས་ནས་སྟོབས་ཤུགས་དང་ཐོབ་ཐང་ལྡན་པའི་ཞིང་ཆེན་ཕྱི་ནང་གི་ཁེ་ལས་ཆེ་གྲས་ལ་མཚོ་སྔོན་རླངས་འཁོར་སྐྱེལ་འདྲེན་སྡེ་ཚོགས་ནུབ་མཚོ་རྡོ་སོལ་སྤྱི་གཉེར་ཁང་བདེ་འཇགས་ཐོན་སྐྱེད་སྤྱི་ཡོངས་ནས་ཚབ་གཉེར་བྱ་རྒྱུའི་མངགས་བཅོལ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་བྱ་བར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་མགོ་ཁྲིད་ཚན་ཁག་དང་བདེ་འཇགས་ཐོན་སྐྱེད་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་བསྣན་ནས་མཚོ་བྱང་བཟོ་ལས་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་ཡག་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་རོགས། གསུམ་ནས་ཆེད་ལས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་འཛུགས་སྐྱོང་དང་། ཁེ་ལས་ཀྱི་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་། བསྒྱུར་བཅོས་ཟབ་སྤེལ་ལ་མཐོར་འདེགས། ལྷད་མེད་རྩིས་རྒྱག་ནུས་པར་སྔོན་ཐོན་ལག་རྩལ་བེད་སྤྱོད་བྱེད་པའི་ཐད་ལས་སྒོའི་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་ངེས་མེད་དུ་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ལ་ཆེད་དོན་གསོ་སྐྱོང་སྦྱོང་བརྡར་བྱེད་སྒོ་སྤེལ་ནས་མཚོ་བྱང་གི་གཞུང་ཁོངས་ཁེ་ལས་ལ་ཆེད་ལས་ཅན་དང་མ་ལག་ཅན་གྱི་ཆུ་ཚད་དང་འགྲན་རྩོད་མཐོ་རུ་གཏོང་བར་རོགས་རམ་བྱེད་རྒྱུ་དང་། དུས་མཚུངས་སུ་ཞིང་ཆེན་གྱི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་མཚོ་བྱང་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་སྒོ་བྱང་བཀལ་ཏེ"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་སློབ་གསོ་དང་ལེན་བྱེད་དུ་ཡོང་བར་ལྷག་བསམ་རྣམ་དག་གིས་གདན་འདྲེན་ཞུས་པ་ཡིན་ཟེར།

ཞོ་ཧྥེས་ཧུའུ་ཡིས་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་མཚོ་བྱང་ཁུལ་དང་འབྲེལ་གཏུག་སྦྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ནས་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ལེགས་ཆ་དེ་མཚོ་བྱང་གི་སྐྱེ་ཁམས་དང་ཡུལ་སྐོར། ཞིང་ཕྱུགས་སོགས་ཁྱད་ལྡན་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ་མཉམ་ལས་ཁྱབ་ཁོངས་དང་ནང་དོན་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་དེ་བས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཏེ། གཅིག་ནས་བྱ་བའི་འབྲེལ་གཏུག་ལམ་སྲོལ་བཙུགས་ཏེ་ཞིང་ཆེན་དང་ཁུལ་གྱི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དབར་དང་། ཞིང་ཆེན་ཁོངས་གཏོགས་དང་ཁུལ་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་དབར་གྱི་བརྗེ་རེས་མཉམ་ལས་སྟེགས་བུ་ཡག་པོ་བསྐྲུན་ནས་ས་གནས་ཀྱི་གཞུང་ཁོངས་རྒྱུ་ནོར་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱ་བར་སྐུལ་འདེད་གཏིང་ཟབ་བཏང་ནས་དྲ་ཐོག་ལྟ་སྐུལ་དོ་དམ་དང་། བཞུགས་མོལ་བརྗེ་རེས། ཡུག་ཁུལ་གྱི་ཚོགས་འདུ་སོགས་ཀྱི་རྣམ་པ་གང་ལེགས་སྤྱད་དེ་ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱ་བའི་མཉམ་ཤུགས་ཆགས་པར་བྱས་ནས་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་མཚོ་བྱང་དུ་བསྐྱོད་དེ་གསར་བརྗེའི་ཉམས་ཞིབ་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱས་ནས་གསར་བརྗེའི་དྲན་ཤེས་འཚོལ་ཞིབ་དང་བསམ་པའི་ཞུན་བརྡར་དང་ལེན་བྱེད་སྲིད། གཉིས་ནས་ཞིང་ཆེན་དང་ཁུལ་འཕེལ་རྒྱས་འཐབ་ཇུས་ལ་དམིགས་ནས་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱིས་བཟོ་ལས་གཞན་སྒྱུར་དང་རིག་གནས་ཡུལ་སྐོར། ཞིང་ཕྱུགས་ལས་ལས་སྣོན་སོགས་ཀྱི་ཐད་མཚོ་བྱང་ཁུལ་དང་མཉམ་ལས་གཏིང་ཟབ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་མཚོ་བྱང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་གཙོ་གནད་ཐོག་རོགས་སྐྱོར་བྱས་ནས་ཞིང་ཆེན་དང་ཁུལ་མཉམ་སྐྲུན། ཁེ་ཕན་མཉམ་སྤྱོད་ཀྱིས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཐུན་མོང་ཐོག་ཞབས་འདེགས་ཞུ་རྒྱུ་ཡིན། གསུམ་ནས་རེས་སྐོར་གསར་པའི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་དམིགས་ནས་རིམ་སྤོར་འགུལ་སྐྱོད་གཏིང་ཟབ་སྤེལ་ཏེ་སྒྱུར་བཅོས་ཀྱི་བྱ་ཐབས་སོ་སོ་ཞིབ་ཚགས་དང་ཏན་ཏིག་ངང་གཏོང་རྒྱུར་མཛུབ་ཁྲིད་བྱེད་རྒྱུ་དང་། ཁྲོམ་ར་ཅན་གྱི་གཉེར་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁྲོམ་ར་ཅན་གྱི་གདམ་གསེས་གདན་ཞུ་དང་གན་རྒྱ་ཅན་གྱི་དོ་དམ། དུས་ཡུན་རིང་འབྲིང་གི་སྐུལ་སློང་སོགས་ཐད་འཚོལ་ཞིབ་བྱ་རྒྱུར་ཤུགས་སྣོན་བཅས་བྱས་ནས་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་སྒྱུར་བཅོས་ཀྱི་མ་དཔེ་ཧུར་ཐག་བཏོད་དེ་མཚོ་བྱང་གཞུང་ཁོངས་ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་ཟེར།

ཕྱོགས་གཉིས་ཀྱིས་གོམ་སྟབས་རྗེས་མར་འོས་འཚམ་ངང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་བཏང་སྟེ་ཕྱོགས་གཉིས་འཕེལ་རྒྱས་དང་ཕན་ཁེ་ཐོབ་ཏུ་འཇུག་པའི་གྲོས་ཐག་བཅད། ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་། རྐང་ཚ་རྫོང་ཨུ། ཁུལ་བཟོ་འཕྲིན་ཅུས།(ཁུལ་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན)ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་དང་ཞིང་ཆེན་རླངས་འཁོར་སྐྱེལ་འདྲེན་སྡེ་ཚོགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་ཕེབས་རོགས་བྱས།

གཡང་འབུམ་ཚེ་རིང་དང་གུ་རུ་སྐྱབས་ཀྱིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号