མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་དངུལ་ཁང་དབར་འཐབ་ཇུས་མཉམ་ལས་གྲོས་མཐུན་གྱི་གན་རྒྱ་བཞག་ཅིང“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ།
ཟླ8པའི་ཚེས29ཉིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་དངུལ་ཁང་གིས་ནུབ་མཚོ་གྲོང་རྡལ་དུ་ཡོད་པའི་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་འཐབ་ཇུས་མཉམ་ལས་གྲོས་མཐུན་གྱི་གན་རྒྱ་བཞག་ཅིང་མཚོ་སྔོན་དངུལ་ཁང་གི“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། མཚོ་སྔོན་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་པ་ཚའེ་ཧུང་རོས་མཛད་སྒོར་ཕེབས་ནས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། མཚོ་སྔོན་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧང་ཀྲང་དབྱིན་ཧའེ་ཧྥིན་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ《འཐབ་ཇུས་མཉམ་ལས་གྲོས་མཐུན》ལ་གན་རྒྱ་བཞག་ཅིང་། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་མཛད་སྒོ་གཙོ་སྐྱོང་གནང་།
ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་མཚོ་སྔོན་དངུལ་ཁང་གིས་སྔ་ཕྱི་བར་གསུམ་དུ་མཚོ་བྱང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། མཚོ་བྱང་ཁུལ་ནི་རྒྱབ་ཕྱོགས་མདོ་ལ་རི་བོར་གཏད་ཅིང་པང་དུ་རྡུལ་ཕྲན་མཁར་རུམ་ཡོད་པ་དང་མདུན་ཕྱོགས་མཚོ་སྔོན་པོར་གཏད་ཅིང་དར་གོས་ཚོང་ལམ་གྱི་ལྷོ་ལམ་དང་རླབས་ཆེའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཡིན་ལ། དམར་དམག་ནུབ་ལམ་དམག་དཔུང་གིས་ཁྲག་བཏོན་དམར་འཛིང་བྱེད་ས་ཡང་ཡིན་པས་ཞིང་ཆེན་ཡོངས་ཀྱི་གསར་བརྗེའི་ཉམས་ཞིབ་སློབ་སྦྱོང་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་ལ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་གསུམ་གྱི་ཐད་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པའི་དམིགས་ཚད་ལས་འགན་སྤྲད་དེ་མཚོ་བྱང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་དང་གོ་སྐབས་བཟང་པོ་སྐྲུན་ཡོད། མཚོ་བྱང་དུ་ཚད་ལྡན་ཁེ་ལས40དང་ཁུལ་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས16ཡོད་ལ། མ་དངུལ་བཏང་ནས་སྐྲུན་དགོས་པའི་མཚོ་སྔོན་པོའི་དམིགས་བསལ་གཉེར་སྐྱོང་ས་ཚིགས6ཡོད། ཐེངས་འདིའི་འཐབ་ཇུས་མཉམ་ལས་གྲོས་མཐུན་གྱི་གན་རྒྱ་བཞག་པ་དེ་ནི་ཕྱོགས་གཉིས་ཀྱིས་མ་འོངས་པར་ཁ་ཕྱོགས་ནས་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་ལ། མཚོ་སྔོན་དངུལ་ཁང་གིས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤྱིའི་འཕེལ་རྒྱས་ཀྱི་འཐབ་ཇུས་འཆར་འགོད་ལ་དམ་པོར་དམིགས་པ་དང་ཐོན་ལས་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས། གྲོང་གསེབ་དར་སྤེལ་སོགས་གཙོ་གནད་བྱ་བར་དམིགས་པ། དངུལ་རྩའི་ཐོན་རྫས་གསར་གཏོད་བྱེད་པ། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་དངུལ་རྩའི་ཞབས་ཞུས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་པར་བསྟན།
ཚའེ་ཧུང་རོས་ཀྱིས་མཚོ་སྔོན་དངུལ་ཁང་གཉེར་སྐྱོང་དང་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་མཚོ་སྔོན་དངུལ་ཁང་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས། མཚོ་སྔོན་དངུལ་ཁང་གི་འཕེལ་རྒྱས་དེ་ས་གནས་ཏང་ཨུ་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པས། མཚོ་སྔོན་དངུལ་ཁང་གིས་རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་བྱས་ནས་མཚོ་བྱང་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་པ་དང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཀུན་ཕན་དངུལ་རྩ་དང་ལྗང་མདོག་དངུལ་རྩ། དམངས་འཚོའི་དངུལ་རྩ་སོགས་ཐད་མཉམ་ལས་གཏིང་ཟབ་བྱ་རྒྱུ་ཡིན་ལ། “དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན”དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་ནས་གྲོང་གསེབ་དར་སྤེལ་དང་ནུས་རྒྱུ་གཙང་མའི་ཐོན་ལས། ས་མཐོའི་རིག་གནས་ཡུལ་སྐོར་ཐོན་ལས། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་སོགས་གཙོ་གནད་ལྷུ་ཚིགས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། རིག་ནུས་ཐོན་ཁུངས་དང་ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་འགག་རྩའི་ཁྱབ་ཁོངས་སུ་མུ་མཐུད་ཤུགས་བསྣན་ནས་སྲིད་དོན་དང་དངུལ་རྩ། ཁེ་ལས་བཅས་ཀྱི་མཉམ་ལས་ཐུན་མོང་ཐོག་གཏིང་ཟབ་ཏུ་བཏང་སྟེ་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་དབུལ་རྒྱུ་ཡིན་པར་བསྟན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注