ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་བཀོད་དེ《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས〉ལག་བསྟར་བྱེད་པའི་གཏན་འབེབས》ཁྱབ་བསྒྲགས་བྱས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་བཀོད་དེ། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས〉ལག་བསྟར་བྱེད་པའི་གཏན་འབེབས》ཁྱབ་བསྒྲགས་བྱས། གཏན་འབེབས་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། བསྡོམས་པས་དོན་ཚན22ཡོད་ལ། གཙོ་བོ་གཤམ་གྱི་ནང་དོན་དག་འདུས་ཡོད་དེ།
གཅིག་ནི་ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པའི་ཚན་པ་གཉིས་པ་ལས་སྒོ་ཐེལ་རྒྱག་པ་དང་། བཀག་ཉར་བྱེད་པ། བཀག་འཇོག་བྱེད་པ་བཅས་ཀྱི་གཞན་པའི་རྒྱུ་ནོར་མི་འདྲ་བ་གཏན་འཁེལ་གསལ་བོ་བྱས་ལ། དེའི་ཁྲོད་ལག་དངུལ་དང་། འཛིན་ཡིག དངུལ་ཁང་གི་བསགས་དངུལ། དངུལ་འཛིན། མ་དངུལ་གྱི་གྲངས་འབོར། རྐང་དབང་། ཤེས་བྱའི་བདག་དབང་། བསྡུ་འོས་མ་དངུལ་སོགས་རྒྱུ་ནོར་དང་རྒྱུ་ནོར་དབང་ཆ་འདུས་ཡོད། ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པའི་ཚན་པ་གསུམ་པའི་ཁྲོད་བཀག་འགོག་དང་ཚོད་འཛིན་བྱེད་པའི་འབྲེལ་ཡོད་ཉོ་ཚོང་དང་མཉམ་ལས་སོགས་ཀྱི་བྱ་འགུལ་གཏན་འཁེལ་གསལ་བོ་བྱས་ཡོད་ལ། དེའི་ཁྲོད་དུ་སློབ་གསོ་དང་ཚན་རྩལ། ཁྲིམས་ལུགས་ཞབས་ཞུ། ཁོར་ཡུག་སྲུང་སྐྱོབ། དཔལ་འབྱོར་ཉོ་ཚོང་། རིག་གནས། ཡུལ་སྐོར། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་བྱ་འགུལ་འདུས་ཡོད། ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པའི་ཚན་པ་བཞི་པའི་ཁྲོད་ཀྱི་དགོས་ངེས་ཀྱི་བྱེད་ཐབས་གཞན་དག་གཏན་འཁེལ་གསལ་བོ་བྱས་ཡོད་ལ། དེའི་ཁྲོད་དུ་རང་རྒྱལ་དང་འབྲེལ་བ་ཡོད་པའི་ནང་འདྲེན་ཕྱིར་གཏོང་གི་བྱ་འགུལ་ལ་བཀག་འགོག་དང་ཚོད་འཛིན་བྱེད་པ་དང་། རང་རྒྱལ་གྱི་མངའ་ཁོངས་སུ་དངུལ་གཏོང་བྱེད་པར་བཀག་འགོག་དང་ཚོད་འཛིན་བྱེད་པ། འབྲེལ་ཡོད་དངོས་རྫས་ཕྱིར་གཏོང་བྱེད་པར་བཀག་འགོག་བྱེད་པ། ཕྱི་ཕྱོགས་སུ་གཞི་གྲངས་དང་མི་སྒེར་གྱི་ཆ་འཕྲིན་འདོན་སྤྲོད་བྱེད་པར་བཀག་འགོག་དང་ཚོད་འཛིན་བྱེད་པ། འབྲེལ་ཡོད་མི་སྣའི་རང་རྒྱལ་གྱི་བྱ་བའི་ཆོག་མཐུས་དང་། སྐབས་སྡོད་ཡང་ན་བཅའ་སྡོད་བྱེད་པ་བཅས་ཀྱི་ཐོབ་ཐང་རྩིས་མེད་དུ་གཏོང་བ་དང་ཚོད་འཛིན་བྱས་ཏེ། དངུལ་ཆད་གཅོད་པ་བཅས་འདུས་ཡོད།
གཉིས་ནི་ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་གོ་རིམ་ཞིབ་ཕྲ་བཟོ་བ་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་འབྲེལ་ཡོད་ཞིབ་བཤེར་དང་ཕྱི་ཕྱོགས་སུ་གྲོས་མོལ་བྱེད་ཆོག་པ་གཏན་འཁེལ་བྱས། ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་ཐག་གཅོད་ལས་ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་བྱེད་ཐབས་བེད་སྤྱོད་བྱ་ཡུལ་དང་། ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་བྱེ་བྲག་གི་བྱེད་ཐབས། ལག་བསྟར་དུས་ཚོད་སོགས་གཏན་འཁེལ་གསལ་བོ་བྱེད་པ་གཏན་འབེབས་བྱས། ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་ཐག་གཅོད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་གཞུང་ཕྱོགས་དྲ་ཚིགས་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཁྱབ་བསྒྲགས་བྱེད་པར་མ་ཟད་དུས་ཐོག་ཏུ་གསར་སྒྱུར་བྱེད་དགོས་པ་གསལ་བོར་བཏོན་ཡོད།
གསུམ་ནི་སྡེ་ཁག་མཐུན་སྦྱོར་ལ་ཤུགས་སྣོན་པ་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་རང་རང་གི་འགན་འཁྲི་དང་ལས་བགོས་ལས་འགན་ལྟར་ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་བྱ་བར་འགན་འཁུར་བར་མ་ཟད། མཐུན་སྦྱོར་གཞོགས་འདེགས་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པར་ཤུགས་སྣོན་དགོས་པ་གཏན་འབེབས་བྱས་ཡོད།
བཞི་ནི་བྱེད་ཐབས་ལག་བསྟར་བྱེད་པར་ཤུགས་སྣོན་པ་སྟེ། ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་བྱེད་ཐབས་ཁྲིམས་ལྟར་ལག་བསྟར་མི་བྱེད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་བཅོས་སྒྱུར་བྱེད་པའི་བཀའ་ཕབ་པའི་དབང་ཆ་ཡོད་ལ། དེས་སྲིད་གཞུང་གི་ཉོ་བསྡུ་དང་། དམིགས་འགུག་དམིགས་འཇུག འབྲེལ་ཡོད་ཚོང་རྫས་དང་ལག་རྩལ་ནང་འདྲེན་ཕྱིར་གཏོང་དང་ཡང་ན་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་སོགས་བྱ་འགུལ་སྤེལ་བར་བཀག་འགོག་དང་ཚོད་འཛིན་བྱེད་པ། ཕྱི་རྒྱལ་ནས་བསྡུ་ལེན་དང་ཡང་ན་ཕྱི་རྒྱལ་དུ་གཞི་གྲངས་དང་མི་སྒེར་གྱི་ཆ་འཕྲིན་འདོན་སྤྲོད་བྱེད་པར་བཀག་འགོག་དང་ཚོད་འཛིན་བྱེད་པ། ཕྱི་རྒྱལ་ལ་འགྲོ་བ་དང་། རང་རྒྱལ་དུ་སྐབས་སྡོད་དང་བཅའ་སྡོད་སོགས་བྱེད་པར་བཀག་འགོག་དང་ཚོད་འཛིན་བྱེད་པ་སོགས་གཏན་འབེབས་བྱས་ཡོད། དེ་དང་མཉམ་དུ། ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་བྱེད་ཐབས་སྤྱད་པའི་རྩ་འཛུགས་དང་མི་སྒེར་གྱིས་བྱ་སྤྱོད་ལེགས་སྒྱུར་དང་བྱ་སྤྱོད་ཀྱི་མཇུག་འབྲས་རྩིས་མེད་དུ་བཏང་རྗེས། ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་བྱེད་ཐབས་སྤྱོད་པ་མཚམས་འཇོག་པ་དང་། འགྱུར་ལྡོག་གཏོང་བ། ཡང་ན་རྩིས་མེད་དུ་གཏོང་བར་རེ་ཞུ་བྱས་ཆོག་པའི་གཏན་འབེབས་བྱས་ཡོད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注