ན་གཞོན་ལས་བྱེད་པས་ངེས་པར་དུ་ལ་རྒྱའི་མགོ་བོ་དགྱེ་ནས་མདུན་དུ་གདོང་མཆོང་བྱེད་དགོས།

ན་གཞོན་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གསར་ཤུགས་དམག་དཔུང་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྒྱུན་འཛིན་པའང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ང་ཚོའི་དཔུང་ཁག་འདིའི་ནང་སྙིང་ཆུང་སྡར་མ་ཡོད་མི་ཆོག་ལ། འདོད་བློ་མི་གཅིག་པ། མི་ཚའོ་སྒར་དུ་ཡོད་ཀྱང་སེམས་པ་ཧན་ལ་ཕྱོགས་པ། མལ་ཁྲི་གཅིག་ཀྱང་རྨི་ལམ་མི་གཅིག་པའི་མི་དེ་བས་ཀྱང་ཡོད་མི་ཆོག ན་གཞོན་ལས་བྱེད་པས་ངེས་པར་དུ་ལ་རྒྱའི་མགོ་བོ་དགྱེ་ནས་མདུན་དུ་གདོང་མཆོང་བྱེད་དགོས་ཤིང་། འཐབ་རྩོད་ཁྲོད་དཀའ་སྡུག་བརྒྱུད་དེ་སྤྱི་ཚོགས་མཐོང་དགོས། ཞེས་བཀའ་གསུང་ནན་མོ་བསྩལ་ཡོད། དེའི་རྒྱུ་མཚན་གྱིས་ན་གཞོན་ལས་བྱེད་པས་ཏང་དང་མི་དམངས་ལ་བློ་དཀར་ཞིང་བློས་འཁེལ་རུང་བ་དང་དུས་རབས་ཀྱི་འགན་འཁྲི་ལྗིད་མོ་ཕྲག་ཏུ་ཁུར་ཐུབ་པའི་གདུང་འདེགས་ཀ་བ་ལྟ་བུའི་འཇོན་ཐང་ལྡན་པའི་མི་སྣ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱ་རྒྱུ་ནི། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་རྗེས་སྐྱོང་པ་ཡོད་མེད་དང་དམར་པོའི་སྲིད་དབང་མི་རབས་ནས་མི་རབས་སུ་བརྒྱུད་སྤྲོད་ཐུབ་མིན་གྱི་གནད་ལ་ཐུག་ཡོད་པས། ང་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་དཔའ་ངར་ཞུམ་མེད་སྒོས་དཀའ་སྤྱད་མདུན་སྐྱོད་བྱས་ཏེ། ལོ་རྒྱུས་ཀྱི་ཤུགས་མཐུད་དབྱུག་པའི་འགྲན་རྒྱུག་ནང་འབད་པ་ཆེན་པོས་ལེགས་པར་རྒྱུག་དགོས།

ཀྲུང་གོ་གུང་ཁྲན་ཏང་གི་སྔོན་གཤེགས་དཔའ་བོ་ལི་ཏ་ཀྲའོ་ཡིས། ན་གཞོན་ཚོ་ནི། མི་ཚེ་ཡི་རྒྱལ་པོ་ལྟ་བུ་དང་། མི་ཚེ་ཡི་དཔྱིད་ཀ་ལྟ་བུ། མི་ཚེ་ཡི་སྙིང་བཅུད་ལྟ་བུའོ། ། ཞེས་གསུངས་པ་ལྟར། ལོ་ངོ་བརྒྱ་ཕྲག་གི་སྔོན་དུ། ན་གཞོན་ཕུགས་བསམ་ཅན་རབ་དང་རིམ་པས་ཤི་གསོན་ལ་མི་འཇིགས་ཤིང་སྔ་འགྱེལ་རྗེས་ལངས་སྒོས་ཀྲུང་ཧྭ་མི་རིགས་ཉེན་ཁའི་གནས་ལས་བསྐྱབས། ཏང་གི་ཚོགས་ཆེན་དང་པོ་འཚོགས་པའི་སྐབས་སུ། འཐུས་མི13གྱི་ཆ་སྙོམས་ལོ་ཚད28ཡིན་པ་དང་། དེའི་ཁྲོད་ལོ་ན་གཞོན་ཤོས་ད་དུང་ལོ20ལ་སོན་མེད། དཔུང་ཁག་འདི་ལོ་ན་གཞོན་ཡང་གསོན་ཤུགས་ཀྱིས་ཀུན་ནས་ཕྱུག་ཅིང་། དཀའ་སྡུག་ཁྲོད་མྱུར་ཏུ་འཚར་ལོངས་བྱུང་ནས་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སེམས་ཀྱི་རྟེན་སར་གྱུར། དཀའ་སྡུག་མཉམ་མྱོང་བྱས་ཐེངས་རེ་རེ་དང་། དཀའ་བ་གདོང་གིས་བསུས་ཐེངས་རེ་རེ། བློས་གཏོང་འབད་འཐབ་བྱས་ཐེངས་རེ་རེ་བཅས་ལས། ཀྲུང་གོ་གུང་ཁྲན་ཏང་མིས་དམ་བཅའ་འགྱུར་མེད་དང་འཐབ་རྩོད་ཆད་མེད་ཀྱི་གཤིས་རྒྱུད་ལེགས་པོ་དེ་ཏང་གི་བསམ་པའི་ངོས་དང་གཞི་རྒྱུའི་ཁྲོད་དུ་རྡོ་བརྐོས་རི་མོ་བཞིན་ཏུ་བཀོད་ཅིང་། མི་རིགས་ཀྱི་ལ་རྒྱའི་མགོ་བོ་ཡར་བཏེགས་ནས། དུས་དང་རྣམ་པ་ཀུན་ཏུ་འགན་འཁྲི་ཕྲག་ཏུ་ལེན་ཕོད་པའི་འབད་འཐབ་པ་ཞིག་ཏུ་འགྱུར་དུ་བཅུག

དེང་གི"སྤྱི་ཡོངས་ཆེན་པོ་གཉིས"ཕན་ཚུན་རྐྱ་འཐབ་པའི་སྐབས་འདིར། ང་ཚོར་འཕྲད་པ་ནི། འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་པོ་རེག་པའི་སྐབས་ཤིག་ཡིན་ལ། སྔོན་དཔག་ཐུབ་པ་དང་མི་ཐུབ་པའི་ཉེན་ཁའི་འགྲན་སློང་སྣ་ཚོགས་ལ་འཕྲད་པའི་སྐབས་ཤིག་ཀྱང་ཡིན། དཔེར་ན། གོ་ལ་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་བསྐྱར་སྐྲུན་གྱི་རླབས་རྒྱུན་ཁྲོད། རྒྱལ་ཁབ་ལ་ལས་ཀྲུང་གོའི་ཚན་རྩལ་གསར་གཏོད་དང་ཀྲུང་གོའི་འཕེལ་རྒྱས་མདུན་སྐྱོད་འགོག་འདོད་པའི་བློ་ངན་འཆང་ཡོད་པ་དང་། བཅོས་སྒྱུར་ཟབ་སར་བསྐྱོད་པ་དང་བསྟུན་ནས། དེར་འབྲེལ་གྱི་གནད་དོན་མང་བ་དང་ཁྱབ་ཁོངས་ཡངས་པ། འགལ་བར་འཛིང་ལྡན་པ་བཅས་སྔར་བྱུང་མ་མྱོང་བ་ལྟ་བུ་སོགས་ཡིན། དོན་དངོས་ཐོག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ནི་གྲུ་གཟིངས་རླུང་ལ་བརྟེན་ནས་སྐྱོད་པ་ལྟ་བུ་ཞིག་གཏན་ནས་མིན་པར། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་འགག་འཕྲང་རེ་རེ་གཏོར་བ་དང་འགལ་བའི་གནད་དོན་སེལ་པའི་ཁྲོད་མདུན་སྐྱོད་བྱས་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། "དཀའ་ཁག་དང་འགྲན་སློང་ལོ་རེ་བཞིན་ཡོད་ན་ཡང་། ང་ཚོ་ནམ་ཡིན་ཡང་ཆར་རླུང་གི་བྱབས་ཁྲུས་ཁྲོད་འཕེལ་རྒྱས་སོང་བ་དང་ཉམས་ཚོད་རིམ་བརྒྱུད་ཁྲོད་སྟོབས་ཆེར་ཕྱིན་པ་ཡིན "ཞེས་གཏིང་ཟབ་མོས་བསྟན་ཡོད། 《ནེ་ཀྲ་སྟེ་བདུད་ཕྲུག་གིས་ཀླུ་ཡུལ་དཀྲུགས་པ》ཞེས་པའི་འགུལ་རིས་གློག་བརྙན་གྱིས་འཛམ་གླིང་གློག་བརྙན་གྱི་སྡེ་རུ་ཟིན་ཐོ་གསར་པ་མང་པོ་བསྐྲུན་པ་དང་། ནེ་ཀྲ་ཡི"མགོ་མི་སྒུར་བའི"དཔའ་གཤིས་དེ་ནི་ཀྲུང་གོ་བའི་སྙིང་སྟོབས་ཀྱི་ཁྱད་ཆོས་ཡིན། གནས་བབ་ཇི་ལྟར་རྙོག་འཛིང་ཆེ་ན། ལས་འགན་དེ་ལྟར་དཀའ་ལྗིད་ལྡན་ལ། ན་གཞོན་གསར་ཤུགས་དམག་དཔུང་གི་རླབས་གཤག་མདུན་སྐྱོད་ཀྱི་ངར་ཤུགས་ཀྱང་དེ་བས་སློང་ཐུབ་ཅིང་། ན་གཞོན་ལས་བྱེད་པས་ཀྱང་སྔར་ལས་ལྷག་པར་ལ་རྒྱའི་མགོ་བོ་དགྱེ་ནས་མདུན་དུ་གདོང་མཆོང་བྱེད་དགོས།

ན་གཞོན་ལས་བྱེད་པ་མདུན་དུ་གདོང་མཆོང་བྱེད་པར། ངེས་པར་དུ་ཕུགས་འདུན་དད་སེམས་བརྟན་པ་དང་ངེས་པར་དུ་ཏང་ལ་བློ་དཀར་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་མགོ་རྩོམ་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་ཐེངས་མང་གནང་བ་ལས། དུས་དང་རྣམ་པ་ཀུན་ཏུ་ནམ་ཡང་བསྙེལ་མེད་དུ་གསུང་བ་ནི། ན་གཞོན་ལས་བྱེད་པ་རྣམས་ཏང་དང་མི་དམངས་ལ་བློ་དཀར་ཞིང་བློས་འཁེལ་རུང་བ་དང་དུས་རབས་ཀྱི་འགན་ལྗིད་མོ་ཕྲག་ཏུ་འཁུར་ཐུབ་པའི་གདུང་འདེགས་ཀ་བ་ལྟ་བུའི་འཇོན་ཐང་མི་སྣ་ཞིག་ཏུ་འཚར་ལོངས་འབྱུང་བའི་ཐུགས་རེ་དེ་ཡིན། ལོ་རྒྱུས་དང་ལག་ལེན་གྱིས་བདེན་དཔང་བྱས་པ་ནི། ཕུགས་འདུན་དད་སེམས་ནི་བསམ་བློའི་ཐོག་གི"ཀལ"ལྟ་བུ་ཞིག་ཡིན་ལ། "བློ་རུས་ཉམས་པ"ནི་བཀོལ་སྤྱོད་རིང་ལུགས་དང་རང་ཕན་རིང་ལུགས་སོགས་ཀྱིས་བསླད་སླ་ཞིང་། "རུས་སྙིའི་ནད"འབྱུང་སྲིད། དད་སེམས་བརྟན་པོ་མ་ཡིན་པའི་དབང་གིས་ན་གཞོན་ལས་བྱེད་པ་ལ་ལ"དཔོན་ལམ"དུ་ཞུགས་མ་ཐག"ལམ་ལོག"ཏུ་ཤོར་ཏེ། རུལ་སུངས་ཀྱི་ལམ་དུ་ཞུགས་འགྲོ། མར་ཁེ་སི་རིང་ལུགས་ཀྱི་དད་སེམས་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་སེམས་ནི། གུང་ཁྲན་ཏང་མིས་ཉམས་ཚོད་གང་ཡང་རུང་བ་ཐེག་ཐུབ་པའི་བསམ་པའི་འདེགས་སྐྱོར་ཡིན་ལ། ན་གཞོན་ལས་བྱེད་པ་འཚར་ལོངས་བྱུང་ནས་འཇོན་མིར་འགྱུར་བའི་སྲ་ཞིང་བརྟན་པའི་རྨང་གཞི་ཡང་ཡིན། ཕུགས་འདུན་དད་སེམས་དེ་ཏང་ལ་མཐའ་གཅིག་ཏུ་བློ་དཀར་བར་བསྒྱུར་ཐུབ་ན། ད་གཟོད་མེ་རླབས་དྲག་པོའི་ཁྲོད་ནས"གསེར་ངོ་མ"སྦྱོང་ཐུབ། ཀོང་ཞི་པའེ་སེ་གྲོང་ཁྱེར་ལི་དབྱི་རྫོང་པའེ་ཉིའུ་སྡེ་བའི་དེ་སྔའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཧུང་ཝིན་ཞིའུ་ནི། རབ་འབྱམས་ཞིབ་འཇུག་སློབ་མཐར་ཕྱིན་རྗེས་གཞི་རིམ་དུ་རྐང་བཙུགས་ཤིང་། མང་ཚོགས་སྣེ་ཁྲིད་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ། སྡེ་བ་ཡོངས་ཀྱི་ཁྱིམ་ཚང88ཀྱི་མི418དབུལ་ཐར་འབྱུང་བར་རོགས་རམ་བྱས། ཡིན་ན་ཡང་མོའི་ལོ་ན་གཞོན་པའི་ཚེ་སྲོག་རིན་ཐང་བྲལ་བ་དེ་དུས་གཏན་དུ་དབུལ་སྐྱོར་གྱི་ལམ་ཐོག་ལ་བསུབ་མེད་དུ་བཀོད། དེ་ནི་མོས་ཏང་ཞུགས་རེ་འདུན་དུ། "མི་སྒེར་གྱི་འཚོལ་སྙེག་དེ་ཏང་གི་ཕུགས་འདུན་ཁྲོད་འདྲེས་སུ་འཇུག་ཐུབ་ན། ཕུགས་བསམ་ད་གཟོད་རྒྱ་ཆེ་ལ་རྒྱང་རིང"ཞེས་བྲིས་པ་ལྟར་ཡིན།

དུས་རབས་གསར་པས་ཐད་ཀར་དུ་གནད་དོན་ལ་གདོང་གཏོད་ཕོད་ཐུབ་པ་དང་། ལས་དོན་སྒྲུབ་འདོད་པ་དང་སྒྲུབ་ནུས་པ། ལེགས་འགྲུབ་འབྱུང་ཐུབ་པའི"སྲ་ཉིང"ལྟ་བུའི་ལས་བྱེད་པ་འབོད་སྐུལ་བྱེད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།"ལས་བྱེད་པ་སྟེ་ཁྱད་པར་དུ་ན་གཞོན་ལས་བྱེད་པས་ཆབ་སྲིད་ནུས་པ་དང་བརྟག་དཔྱད་ཞིབ་འཇུག་ནུས་པ། ཚན་རིག་དང་མཐུན་པའི་ཇུས་ཆོད་ནུས་པ། བཅོས་སྒྱུར་འགག་སྒྲོལ་ནུས་པ། ཐོལ་བྱུང་འཕྲལ་བསྟུན་ཐག་གཅོད་ནུས་པ། མང་ཚོགས་ལས་དོན་ནུས་པ། དངོས་འབེབས་འཛིན་པའི་ནུས་པ་བཅས་མཐོར་འདེགས་དགོས"ཞེས་ནན་གྱིས་གསུངས་པ་ལྟར། ཆབ་སྲིད་ནུས་པ་མཐོར་འདེགས་པ་ནི་རང་ཕེར་གྱི་རྩ་བ་ཡིན་པས། ཕུགས་འདུན་དད་སེམས་བརྟན་ན། ད་གཟོད་ཡིན་མིན་ཆེན་པོའི་མདུན་དུ"ཆར་རླུང་དྲག་ཀྱང་རི་རབ་ལྷུན་པོ་སྒུལ་མེད"བཞིན་ངེས་གནས་སྲུང་འཛིན་བྱེད་ཐུབ། བརྟག་དཔྱད་ཞིབ་འཇུག་གི་ནུས་པ་མཐོར་འདེགས་པའི་ཐོག "ངེས་པར་དུ་མང་ཚོགས་ཁྲོད་འགྲོ་བ་དང་ལག་ལེན་ཁྲོད་ཞུགས་པའི"བླང་བྱ་གལ་ཆེན་རྒྱུན་འཁྱོངས་བྱེད་དགོས། ཚན་རིག་དང་མཐུན་པའི་ཇུས་ཆོད་ནུས་པ་མཐོར་འདེགས་པའི་ཐོག འཐབ་ཇུས་མཐོང་རྒྱ་ཡོད་པ་དང་། བལྟས་པ་རྒྱང་རིང་བ་དང་བསམ་པ་གཏིང་ཟབ་པ་ཡིན་དགོས། བཅོས་སྒྱུར་འགག་སྒྲོལ་ནུས་པ་མཐོར་འདེགས་པར་གསར་བརྗེ་གསར་གཏོད་གལ་ཆེ་བས། ལས་སྒྲུབ་སྤྲོ་སེམས་དང་ཚན་རིག་སྙིང་སྟོབས་ཟུང་དུ་སྦྲེལ་དགོས། ཐོལ་བྱུང་འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་པའི་ཐོག དུས་རྒྱུན་དམག་སྦྱོང་ལ་བརྩོན་པ་དང་འཕྲལ་བསྟུན་སྐབས་སུ་ཡང་དཔུང་མི་ཐོར་བ་སྒྲུབ་ཐུབ་དགོས། མང་ཚོགས་ལས་དོན་ནུས་པ་མཐོར་འདེགས་པའི་ཐོག་མང་ཚོགས་ཀྱི་བློ་ཉེ་བའི་མི་ངོ་མར་འགྱུར་དུ་བཅུག་ནས། "གཙག་བཟོའི་འཇོན་རྩལ"གྱིས་གཞི་རིམ་གྱི་གནད་དོན་ཐག་གཅོད་དགོས། དངོས་འབེབས་འཛིན་པའི་ནུས་པ་མཐོར་འདེགས་པར་ངེས་པར་དུ་གཟེར་འདེབས་སྙིང་སྟོབས་དར་སྤེལ་བཏང་ནས། སྲིད་ཇུས་དངོས་འབེབས་ཀྱི"མཇུག་མཐའི་ལེ་དབར་གཅིག"མཐའ་ཆོད་པར་བགྲོད་ཐུབ་པར་བྱེད་དགོས། དེ་ལྟར་བྱས་ཚེ། ད་གཟོད་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་འཕོ་འགྱུར་རྟོགས་པའི་བློ་གྲོས་དང་འཕོ་འགྱུར་ལ་བསྟུན་པའི་ཐབས་ལམ། འཕོ་འགྱུར་ལ་བརྩོན་པའི་སྤོབས་པ་བཅས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་ཐུབ།

རིན་ཆེན་གསེར་གྱི་ལྷད་མེད་རང་མདངས་མེ་དཔུང་དྲག་པོས་རབ་ཏུ་སྦྱངས་པའི་དཔལ་ལས་གྲུབ། །ཞུམ་མེད་དཔའ་བོའི་སེང་གེའི་དཔའ་གདེངས་དུས་རབས་གསར་པའི་འཕོ་འགྱུར་ཀློང་ལས་འབྱུང་། ། དེ་རིང་། ན་གཞོན་ལས་བྱེད་པས། "ཞོགས་པར་བཀའ་བཀོད་སྤྱི་བོར་བབས། མཚན་མོར་སྐོམ་པ་འཁྱགས་པས་སོད "ཅེས་པ་ལྟ་བུའི་བྲེལ་འཚུབ་འདུ་ཤེས་སྔར་ལས་ཡོད་པར་བྱེད་པ་དང་། "རང་ཉིད་ཆུང་པ"དེ་འཚར་ལོངས་བྱུང་ནས"རྒྱལ་དོན་གྱི་ཆེ་ཕྱོགས"ཁྲོད་འདྲེས་པར་བྱེད་པ། གནད་འགག་སྐབས་སུ་གནོན་ཤུགས་ཐེག་ཐུབ་པ་དང་ཉེན་ཁའི་འགག་རྩར་ཐུག་དུས་མདུན་དུ་མཆོང་ཐུབ་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཁྲོད་ལང་ཚོའི་མཛེས་སྡུག་ངོམ་དགོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号