ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་བཅས་སུ་རྟོག་ཞིབ་བཞུགས་མོལ་བྱས།

ཟླ2པའི་ཚེས13ཉིན་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་བཅས་སུ་འཚམས་འདྲི་དང་རྟོག་ཞིབ་བྱས་པ་དང་། ལས་བྱེད་པ་དང་ལས་བཟོ་པར་འཚམས་འདྲི་བྱས་པ་མ་ཟད་འབྲེལ་ཡོད་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་སྐོར་གྱི་དགོངས་དོན་གལ་ཆེན་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས།    ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དངོས་སྒྲུབ་སྔོན་བརྩོན་བྱེད་པར་ཁྲིད་སྟོན་དང་སྐུལ་ལྕག་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དུ་ཝུའུ་ཞའོ་ཅུན་སྔ་རྗེས་སུ་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་དང་གྱོད་གཞི་ལྟ་སྐུལ་དོ་དམ་ཁང་དུ་སོང་ནས་བྱ་བའི་གསལ་ཁྲར་ཞིབ་ཏུ་བལྟས་པ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན། སྒྲིག་འགལ་ཟ་འཐུང་། སྒྲིག་འགལ་སྐྱེས་དངུལ་སྟེར་ལེན། གཞི་གྲངས་ནུས་སྤྲོད་ཀྱི་ལྟ་སྐུལ་གྱོད་སྒྲུབ་སོགས་ཀྱི་གནས་ཚུལ་སྙན་ཞུ་ལ་ནན་ཏན་གྱིས་ཉན། བྱ་བའི་སྙན་ཞུར་ཉན་རྗེས། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ཆབ་སྲིད་སྒྲིག་ཁྲིམས་དམ་པར་བྱེད་པ་དང་། མཐའ་གཅིག་ཏུ་བློ་དཀར་བའི་ཡིད་ཆེས་བརྟན་པོ་དང་མཐའག་གཅིག་ཏུ་བློ་གཏད་ཆོག་པའི་གཞུང་དྲང་གི་རྩ་དོན། མཐའ་གཅིག་ཏུ་སྤྱོད་པ་གཙང་བའི་རང་གཅུན་ནན་མོ་བཅས་རྒྱུན་འཁྱོངས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་དགོས། ནུས་པ་དང་བྱང་ཚད་མཐོ་རུ་བཏང་སྟེ།   ནུས་ཤུགས་ཡོད་རྒུས་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། རུལ་སུངས་ཀྱི་གནད་དོན་རྙེད་པ་དང་རྩད་གཅོད་བྱེད་པ། གྱོད་གཞིར་བརྟེན་ནས་བཅོས་སྒྱུར་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ།    ཆ་འཕྲིན་ཅན་གྱི་བྱ་བའི་ནུས་པ་ཧུར་ཐག་གིས་བསྐྲུན་པ།“དབྱེ་བ་འབྱེད་པ་གསུམ”དང“རྣམ་པ་བཞི”གནད་ལ་འཁེལ་བའི་སྒོ་ནས་བེད་སྤྱོད་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། བྱ་བའི་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱེད་པ།   སྲོལ་ངན་སྤྱོད་ངན་དང་རུལ་སུངས་ཀྱི་སྣང་ཚུལ་ལ་འཐབ་རྩོད་བྱེད་ཕོད་པ། མང་ཚོགས་ལ་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་དམ་འཛིན་བྱས་ནས་སྒྲིག་ཁྲིམས་ལག་བསྟར་བྱེད་པར་ལྟ་སྐུལ་བྱས་ཏེ། མང་ཚོགས་ལ་སྤྱོད་གཙང་དྲང་བདེན་ནམ་ཡང་གམ་དུ་ཡོད་པ་དངོས་སུ་ཚོར་དུ་འཇུག་དགོས། “སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་ཚད་གཞི་ཅན་དང་ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་དུ་འཛུགས་སྐྱོང་ལོའི”འགུལ་སྐྱོད་དེ་བྱེད་ཐབས་སུ་བྱས་ནས།    སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དང་སྒྲིག་སྲོལ་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལམ་ལུགས་མ་ལག་འཛུགས་པ།    ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་ཁྲིམས་འཛིན་གྱི་ཕན་ནུས་དངོས་སུ་ཆེ་རུ་གཏོང་བ།    ནམ་ཡང་ལྷོད་གཡེང་མེད་པའི་བསམ་པའི་རྣམ་པར་བརྟེན་ནས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་རུ་ཝུའུ་ཞའོ་ཅུན་གྱིས་སྔ་རྗེས་སུ་རྩ་འཛུགས་ཁྲུའུ་གཉིས་པ་དང་། ལས་བྱེད་པའི་ཁྲུའུ་གཉིས་པའི་ལས་བྱེད་མི་སྣ་དང་བསམ་བློ་བརྗེ་རེས་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་འཛུགས་བྱ་བ་དང་། སྡེ་སྡོད་བྱ་བ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ནས། ཚང་མའི་དཀའ་སྤྱད་འབད་བརྩོན་ལ་ཁས་ལེན་བྱས་པ་དང་ཐུགས་རྗེ་ཆེ་ཞུས།   བྱ་བའི་སྙན་ཞུར་ཉན་རྗེས།  ཁོས་ནན་གྱིས་བསྟན་དོན།  དར་ཆ་གསལ་བོར་སྒྲེང་ནས་ཆབ་སྲིད་གླེང་བ་དང་། ཆབ་སྲིད་ལྟ་སྐུལ་དང་ཆབ་སྲིད་སྦྱོང་བརྡར།  ཆབ་སྲིད་ཉམས་མྱོང་བཅས་ལ་དངོས་སུ་ཤུགས་བསྣན་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁོང་དུ་ཆུད་པར་སྐུལ་འདེད་གཏོང་དགོས། དྲང་བདེན་སྒོས་མི་བཀོལ་བ་དང་དྲང་བདེན་གྱི་མི་བཀོལ་བ་རྒྱུན་འཁྱོངས་བྱེད་པ།  སྤྱོད་ཚུལ་ལ་བརྟེན་ནས་མི་འདེམས་པ་དང་སྤྱོད་ཚུལ་བཟང་པོའི་མི་འདེམས་པ་བཅས་བྱས་ཏེ།    ལས་བྱེད་པའི་དཔུང་ཁག་གི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ་དང་།  ལས་བྱེད་པས་ལས་འགན་སྒྲུབ་ཐུབ་པ། དོ་དམ་ནན་མོ་དང་གཅེས་སྐྱོང་ཟུང་འབྲེལ་བྱས་ནས། སྤྱོད་གཙང་དྲང་བདེན་གྱི་མི་བཀོལ་ཁོར་ཡུག་བསྐྲུན་དགོས། བྱེད་ཐབས་མང་པོ་མཉམ་དུ་སྤེལ་ནས་ཏང་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་། གཞི་རིམ་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།  སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་ཁག་འདེམས་བསྐོའི་དོ་དམ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། མཁར་གྲོང་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ནུས་པ་དང་ཏང་ཡོན་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།  ཐབས་བརྒྱ་ཇུས་སྟོང་གིས་འཇོན་མི་གཅིག་ཏུ་བསྡུ་བ་དང་།    རྒྱལ་ཁབ་ཀྱི་འཇོན་མིའི་སྲིད་ཇུས་དང་འཇོན་མིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱེད་པ།    རང་ཡུལ་གྱི་ཕུལ་བྱུང་འཇོན་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འཇོན་མི་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་རིགས་སོ་སོའི་ཕུལ་བྱུང་འཇོན་མི་ནང་འདྲེན་བྱེད་ཐུབ་པ་དང་།  གནས་སུ་ཚུགས་ཐུབ་པ། བེད་སྤྱོད་ཡག་པོ་བྱེད་ཐུབ་དགོས།     སྤྱོད་ཚུལ་ཇེ་ལེགས་སུ་བཏང་ནས་ནུས་པ་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོ་བ་དང་།    སྒྲིག་ཁྲིམས་སྒྲིག་སྲོལ་སྔར་ལས་གཟབ་ནན་ཡིན་པ།    མཐོང་རྒྱ་སྔར་ལས་ཡངས་པ།   བྱ་བའི་བྱེད་ཐབས་སྔར་ལས་ཏན་ཏིག་ཡིན་པ་བཅས་ཀྱི་ཐོག་ནས་དཔེ་སྟོན་སྡེ་ཁག་དང་།  “ཁྱིམ་གསུམ”དང་ཕུལ་བྱུང་དཔུང་ཁག་བཅས་འཛུགས་སྐྲུན་བྱེད་པར་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ཞིང་ཆེན་གྱི་མགོ་ཁྲིད་ལིའུ་མེ་ཕིན་དང་། ཀྲའོ་ཡུའེ་ཞ། ཀྲུའུ་ཞང་ཧྥུན་བཅས་རྟོག་དཔྱོད་དང་བཞུགས་མོལ་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号