ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།

ཟླ12པའི་ཚེས26ཉིན་ནས་ཚེས27ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་པ་དང་།   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ12པའི་ཚེས26ཉིན་ནས་ཚེས27ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་།    ཏང་གི་སྒྲིག་ཁྲིམས་སློབ་གསོའི་ཚོད་འཛིན་དང་འགན་སྲུང་སྐུལ་སློང་ནུས་པ་ཕྱོགས་བསྡུས་འདོན་སྤེལ་བྱེད་པར་དམིགས་ནས།    སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་ལག་བསྟར་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱས་པའི་གནས་ཚུལ་ཞིབ་བཤེར་གྱི་ནང་དོན་གལ་ཆེན་དུ་བརྩིས་ཏེ།    བསམ་བློ་དང་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། རང་ཉིད་ལ་ཞིབ་བཤེར་དང་ཏང་གཤིས་དབྱེ་ཞིབ་བྱས་ཏེ།    སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

གྲོས་ཚོགས་སྔོན་ལ། འབྲེལ་ཡོད་ཕྱོགས་ཀྱིས་ནན་ཏན་སྒོས་གྲ་སྒྲིག་བྱས།     ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམས་ཀྱིས་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་གཏམ་གླེང་བྱས་ནས་བསམ་འཆར་དང་གྲོས་གཞིར་ཉན་པ་དང་།    གཏམ་བཤད་གནད་བསྡུས་བྲིས།    གྲོས་ཚོགས་སྟེང་སྔོན་ལ2024ལོའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་། 2024ལོའི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་བའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམས་ཀྱིས་རེ་རེ་བཞིན་གཏམ་བཤད།    གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།    《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོབ་བྱེད་པའི་སྐོར་གྱི་གཏན་འབེབས་འགའ།》《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཞིབ་སྲོལ》བཅས་དང་བསྡུར་བ་བྱས་ཏེ།    ཞིབ་བཤེར་ནན་ཏན་དང་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་།    དྲང་པོ་དྲང་གཞག་དང་ལྷག་བསམ་ཟོལ་མེད་ཀྱིས་བརྗེ་རེས་བྱས་པས།    རྣམ་པ་གཟབ་ནན་ལྡན་ལ་སྔོན་དཔག་གི་ཕན་འབྲས་ཐོབ།

ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་གཙོ་གནད་ལྔ་ལ་དམིགས་ནས་གཏམ་བཤད།     གཅིག་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པའི་བློ་རྩ་སྔར་ལས་བརྟན་པ།     གཉིས་ནི་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་རིན་ཐང་འཚོལ་སྙེག་བྱེད་པའི་བློ་རྩ་སྔར་ལས་བརྟན་པ།  གསུམ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་བློ་རྩ་སྔར་ལས་བརྟན་པ།   བཞི་ནི་སྣེ་ཁྲིད་ནས་སྒྲིག་ཁྲིམས་སློབ་པ་དང་སྒྲིག་ཁྲིམས་ཤེས་པ།    སྒྲིག་ཁྲིམས་གསལ་བ།    སྒྲིག་ཁྲིམས་བརྩི་བ་བཅས་ཀྱི་བློ་རྩ་སྔར་ལས་བརྟན་པ།     ལྔ་ནི་གཟབ་ནན་གྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ལག་བསྟར་བྱེད་པའི་བླ་རྩ་སྔར་ལས་བརྟན་པ་བཅས་རེད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན།    ད་ལོར་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལས་བྱུང་བའི་འགྲན་སློང་གི་མདུན་དུ། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ།    བབ་བསྟུན་ཁ་གཏད་དང་ཕྱོགས་བསྡུས་ཇུས་བསྟར་བྱས་ཏེ།    དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་བྱས་པ་དང་།    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་བསྐྱོད་པར་གོམ་སྟབས་གསར་པ་སྤོས་ཡོད།     དམངས་འཚོར་འགན་སྲུང་ཏན་ཏིག་དང་ནུས་ལྡན་བྱས་པ་དང་།    སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་བརླིང་སྲུང་འཛིན་བྱས་ལ།    སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཕན་འབྲས་གསར་པ་ཐོབ་པ་དང་།    ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་རྣམ་པ་གསར་པ་བཏོད་ཡོད་ཅིང་།    ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཡོད།     གྲུབ་འབྲས་འདི་དག་ནི་ཐོབ་སླ་བ་ཞིག་གཏན་ནས་མིན།

ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་གཅིག་གྱུར་གྱིས་བལྟས་ན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ནི་བྱ་བ་ཡོད་ཚད་ལེགས་པར་སྒྲུབ་པའི་རྩ་བའི་ཁག་ཐེག་ཡིན་པ་དང་།    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུ་གཟིངས་རླུང་བརྟེན་རླབས་གཤག་དང་བརྟན་བརླིང་ངང་རྒྱང་རིང་དུ་བསྐྱོད་པར་ཁག་ཐེག་བྱེད་དགོས།     ཏང་ཡོངས་ཀྱིས་ངེས་པར་དུ“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ།    “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།    “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།    “སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་པ་བཅས་བྱས་ཏེ།    བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་བྱ་བའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས།   སང་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་བསྒྲིལ་བའི་ལོ་ཡིན་པས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་།    ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ།   འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ།    འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་བསྐྲུན་པ་དང་།    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ།  ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ།    ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ།    དཔལ་འབྱོར་རྒྱུན་མཐུད་ངང་ཡར་རྒྱས་དང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ།    མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ།    སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་རྒྱུན་འཁྱོངས་བྱས་ཏེ།    བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་།   “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་བཀོད་དམིགས་འབེན་དང་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ཡོང་འགྲུབ་བྱས་ཏེ།    “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས་པར་འདོད།


ཟླ12པའི་ཚེས26ཉིན་ནས་ཚེས27ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་པ་དང་།   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམས་ཀྱི་ཞིབ་བསྡུར་ཞིབ་བཤེར་གཏམ་བཤད་ལ་རེ་རེ་བཞིན་དཔྱད་བརྗོད་དང་རེ་རེ་བཞིན་བླང་བྱ་བཏོན་པ་མ་ཟད་ཕྱོགས་བསྡོམས་ཀྱང་གནང་།     ཁོང་གིས་ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་ཕན་འབྲས་ཧ་ཅང་ཆེན་པོ་ཐོབ་སྟེ། བསམ་བློ་བརྗེ་རེས་དང་།    གནད་དོན་ཞིབ་བཤེར།    ཁ་ཕྱོགས་གསལ་བོ་བཅས་བྱེད་པའི་དམིགས་ཡུལ་འགྲུབ་པས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བ་དང་།    བྱ་བ་ཇེ་ལེགས་སུ་གཏོང་བ།    འགན་འཁྲི་ཁུར་དུ་ལེན་པ་བཅས་ལ་ཕན་ཐོགས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོས་ཏང་ཡོན་དང་ལས་བྱེད་པ་སྐོར་ཞིག་གིས་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལ་སེམས་སུ་མི་འཛིན་པ་དང་།    རྒྱུས་ལོན་མི་བྱེད་པ།    ཁོང་དུ་ཆུད་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ།    རིམ་པ་སོ་སོའི་ཏང་རྩ་འཛུགས་དང་མགོ་ཁྲིད་ཚན་ཁག་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་དམ་འཛིན་ནན་མོ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་།    རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་རྟོགས་སྒོས་བློ་དཀར་དང་སྤྱོད་གཙང་། ཁག་ཁུར་བཅས་བྱེད་པར་སྐུལ་འདེད་བཏང་སྟེ་གྲུབ་འབྲས་མངོན་གསལ་བླངས་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་སྒྲིག་ཁྲིམས་སྒྲིག་སྲོལ་གྱི་འདུ་ཤེས་དང་།    སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་དངོས་སུ་ཆེ་རུ་ཕྱིན་པ་དང་།    འགན་འཁུར་བྱ་སྤྱོད་དང་།    ལས་སྒྲུབ་ལས་སྐྲུན་གྱི་ནང་གནས་སྒུལ་ཤུགས་སྔར་ལས་བསྐྱེད་ལ།    གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས།    གཟབ་ནན་གྱི་རྣམ་པ་བཅས་སྔར་ལས་ཇེ་དྲག་ཏུ་ཕྱིན་པས།   ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཕན་འབྲས་སྔར་ལས་མངོན་པར་གསལ།

ཞི་ཅིན་ཕིང་གིས་བསྟན་དོན།   ཏང་གཤིས་བློ་སྦྱོང་བཟང་བ་དང་ཏང་གཤིས་བརྟན་པོ་ཡིན་ན།    ཏང་གི་སྒྲིག་ཁྲིམས་སྔར་ལས་རང་རྟོགས་ཀྱིས་བརྩི་སྲུང་བྱེད་ངེས།     མགོ་ཁྲིད་ལས་བྱེད་པས་ཏང་གཤིས་སྦྱོང་བརྡར་དང་བསམ་བློའི་གོ་རྟོགས་མཐོར་འདེགས་གཏོང་རྒྱུ་དེ་ཚེ་གང་གི་ཞིབ་འཇུག་བྱ་གཞིར་བརྩིས་ནས། ནམ་འཚོའི་བར་དུ་སློབ་སྦྱོང་བྱེད་པ་དང་བྱང་ཚད་མཐོ་རུ་གཏོང་དགོས།  ཆབ་སྲིད་བློ་སྦྱོང་དེ་ཏང་གཤིས་བློ་སྦྱོང་གི་གོ་གནས་ཨང་དང་པོར་བཞག་ནས། ཏང་གི་གསར་གཏོད་གཞུང་ལུགས་ཁྲོད་ནས་ཏང་གཤིས་ཀྱི་ཉིང་བཅུད་བསྡུ་ལེན་བྱས་ཏེ།    ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་བརྩི་སྲུང་། ལག་བསྟར་བཅས་བྱ་རྒྱུ་དེ་ཏང་གཤིས་བློ་སྦྱོང་གི་ནང་དོན་གལ་ཆེན་དུ་བརྩི་དགོས།  ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པའི་ཚད་གཞི་ལྟར་རང་ཉིད་ལ་བླང་བྱ་ནན་མོ་འདོན་པ་རྒྱུན་འཁྱོངས་བྱེད་པ་དང་།    སྣེ་ཁྲིད་ནས་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་བྱེད་པ།   སྣེ་ཁྲིད་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱེད་པ།   སྣེ་ཁྲིད་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ།    སྣེ་ཁྲིད་ནས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་པ།   སྣེ་ཁྲིད་ནས་ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཅས་བྱས་ཏེ།    ཕུགས་བསམ་དང་དད་སེམས་བྲག་རྡོ་ལྟར་སྲ་ཞིང་བརྟན་པར་བྱེད་པ་དང་།    ཏང་ལ་བློ་དཀར་ཞིང་ལྷག་བསམ་ལྡན་པར་བྱས་ནས།    ཏང་དང་མི་དམངས་ཀྱི་ལས་དོན་ཆེད་དུ་རང་དོན་རྒྱབ་ཏུ་བསྐྱུར་ནས་བྱས་རྗེས་འཇོག་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་སྒྲིག་ཁྲིམས་ལ་སློབ་གསོ་དང་ཚོད་འཛིན་གྱི་ནུས་པ་ཡོད་ལ་འགན་སྲུང་དང་སྐུལ་ལྕག་གི་ནུས་པའང་ཡོད།     ཏང་གི་སྒྲིག་ཁྲིམས་དང་ལས་སྒྲུབ་ལས་སྐྲུན་ནི་ནང་གནས་གཅིག་གྱུར་ཡིན།     སྒྲིག་ཁྲིམས་ཀྱིས་ཐུག་མི་རུང་བའི་ཚད་མཐའ་དང་མཐའ་མཚམས་གསལ་བོར་བཟོས་ཡོད་ལ།    ཏང་ཡོན་དང་ལས་བྱེད་པས་སྤྱོར་གཙང་སྒོས་བྱ་བ་སྒྲུབ་པ་དང་སྙིང་སྟོབས་ཆེན་པོས་བྱ་བ་སྒྲུབ་པར་བྱ་སྤྱོད་ཀྱི་ཚད་གཞི་ཡང་འདོན་སྤྲོད་བྱས་ཡོད། སྒྲིག་སྲོལ་དང་སྒྲིག་ཁྲིམས་བརྩི་སྲུང་བྱས་ཚེ་ལས་སྒྲུབ་དང་ལས་སྐྲུན་གྱི་རང་དབང་ཆེན་པོ་དང་བར་སྟོང་ཡངས་པོ་ལྡན།     ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམས་ཀྱིས་ཚད་གཞི་འཛུགས་པ་དང་དཔེ་སྟོན་བྱས་ཏེ།    སྒྲིག་སྲོལ་དང་སྒྲིག་ཁྲིམས་བརྩི་སྲུང་དང་ལས་སྒྲུབ་ལས་སྐྲུན་གྱི་མིག་དཔེ་བྱེད་དགོས་པར་མ་ཟད།   བློ་རྩ་བརྟན་པོས་ཡར་བརྩོན་བྱེད་པ་དང་བློ་སྤོབས་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པའི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།  ཏང་གི་སྒྲིག་ཁྲིམས་ཀྱིས་དབང་ཆ་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པ་དང་དབང་ཆར་བརྟེན་ནས་སྒེར་ཕན་གཉེར་བར་སྔོན་འགོག་བྱ་ཆེད་ཚད་མཐའ་གཏན་འཁེལ་དང་བཀག་སྡོམ་ཁུལ་བཙུགས་ཡོད།    དེ་ནི་ཏང་ཡོན་དང་ལས་བྱེད་པས་སྤྱོད་གཙང་རང་གཅུན་རྒྱུན་འཁྱོངས་བྱེད་པའི་བདེ་འཇགས་ཀྱི་འགོག་སྲུང་གལ་ཆེན་ཞིག་ཡིན།     སྒྲིག་ཁྲིམས་ལ་གུས་བཀུར་དང་སྒྲིག་ཁྲིམས་བརྩི་སྲུང་བྱས་ན་རུལ་བསླད་དང་དུག་གིས་མ་གོས་པར་བྱེད་ཐུབ།  རུལ་སུངས་འབྱུང་བའི་ས་རྒྱུ་དང་ཆ་རྐྱེན་སྔར་བཞིན་གནས་ཚེ།    རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ནམ་ཡང་ལམ་དུ་གནས་ཡོད།     རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་ལ་རིགས་ལམ་ཧ་ཅང་གསལ་དགོས་པ་དང་རྣམ་འགྱུར་ཧ་ཅང་བརྟན་དགོས་པ་ལས།    ལྷོད་གཡེང་གཏན་ནས་བྱེད་མི་རུང་ལ་སྙིང་རྗེ་གཏན་ནས་སྒོམ་མི་རུང་།     ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ཏེ།    ངེས་པར་དུ་རང་ཉིད་ལ་སྔར་ལས་གཟབ་ནན་གྱི་བླང་བྱ་འདོན་དགོས་པ་དང་ལག་གི་དབང་ཆ་ཏན་ཏན་ཏིག་ཏིག་གིས་སྤྱོད་དགོས།     བདག་གཉེར་ཁྱབ་ཁོངས་སམ་ཡང་ན་སྲིད་སྐྱོང་ས་གནས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱས་ཏེ།    དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་ཀྱི་སྣང་ཚུལ་སྣ་ཚོགས་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱེད་པ་དང་    ཁྱིམ་མི་དང་ཉེ་འགྲམ་གྱི་ལས་བྱེད་མི་སྣར་སློབ་གསོ་དོ་དམ་བྱེད་པར་ཤུགས་སྣོན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཏང་གི་སྒྲིག་ཁྲིམས་ལག་བསྟར་ནན་མོ་དང་དེར་སྲུང་སྐྱོབ་བྱ་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན།     རིམ་པ་སོ་སོའི་ཏང་ཨུ་ཡིས་གཙོ་འགན་ཡག་པོར་འཁུར་དགོས་པ་དང་།    ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་འཁུར་པ་དང་པོའི་འགན་འཁྲི་ཡག་པོར་སྒྲུབ་དགོས་ལ།    མགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་དག་གིས“ལས་གཅིག་འགན་གཉིས”ལག་བསྟར་ཡག་པོ་བྱེད་དགོས་པ་དང་།    རིམ་པ་གཅིག་གིས་རིམ་པ་གཅིག་ཁྲིད་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།  ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་དངོས་སུ་འཁུར་དགོས་པ་དང་།    བདག་སྤྲོད་ཁྱབ་ཁོངས་སམ་ཡང་ན་གཙོ་སྐྱོང་ས་གནས་ཀྱི་སྒྲིག་ཁྲིམས་འཛུགས་སྐྲུན་གནས་ཚུལ་ལ་དུས་ཐོག་ཏུ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་དགོས།    འགན་འཁྲིའི་ཁྱབ་ཁོངས་ནང་གི་གནད་དོན་ལ་དོ་དམ་དང་བཅོས་སྐྱོང་བྱེད་ཕོད་པ་དང་།    དོ་དམ་ནན་མོ་དང་བཅོས་སྐྱོང་ནན་མོ་བྱས་ཏེ།    ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་མགོ་ཁྲིད་པ་དང་།    ལག་བསྟར་པ།    སྐུལ་འདེད་པ་བཅས་ཡག་པོ་བྱེད་དགོས།

མཇུག་མཐར་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།   སང་ལོའི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གི་ལས་འགན་ཧ་ཅང་ལྕི་བས།    རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་རྣམས་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་ཞུགས་ནས། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ་དང་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་།   གཞི་རིམ་གྱི་འཕྲལ་དུ་ཐག་གཅོད་དགོས་པའི་འབུར་ཐོན་གནད་དོན་གསལ་བོར་ཤེས་པར་བྱས་ནས། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཞིབ་འཇུག་བྱས་ཏེ་ཐག་གཅོད་དགོས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号