ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་བཅུ་གཅིག་པར་མགོ་འཛིན་གནང་བ།
ཟླ12པའི་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“སྲིད་འཛིན་ཆད་གཅོད་དབང་ཆའི་ཚད་གཞིའི་ལམ་ལུགས་མགྱོགས་མྱུར་སྒོས་དོན་འཁྱོལ་བྱས་ནས། སྲིད་འཛིན་ཁྲིམས་འཛིན་ཚད་ལྡན་ཅན་གྱི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས”ཞེས་བརྗོད་བྱ་གཙོ་བོར་བྱས་ཏེ་ཆེད་དོན་སློབ་སྦྱོང་ཐེངས་བཅུ་གཅིག་པ་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུར་དམིགས་ནས། སྲིད་འཛིན་ཁྲིམས་འཛིན་གྱི་ཚད་གཞི་ཚད་ལྡན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྲིད་འཛིན་གྱི་ཆད་གཅོད་དབང་ཆའི་གཞི་རྩའི་ཚད་གཞིའི་ལམ་ལུགས་དོན་འཁྱོལ་བྱེད་པ་བཅས་བྱས་ནས་ཁྲིམས་འཛིན་གོ་རིམ་སྔར་ལས་གཟབ་ནན་དུ་གཏོང་བ་དང་། ཁྲིམས་འཛིན་བྱེད་སྟངས་ཇེ་ལེགས་སུ་གཏོང་བ། ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྲིད་འཛིན་ཁྲིམས་འཛིན་གྱི་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཀྲུང་དབྱང་ཏང་གི་སློབ་གྲྭ་དང(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གི་དགེ་རྒན་ཆེན་མོ་ཧུའུ་ཅན་མེའོ་ཡིས་འགྲེལ་བཤད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལི་ཧྥིན་དང་ཀྲང་གོ་ཆིན། རྒྱལ་སྲིད་ཨུ་ཡོན་ཝུའུ་ཀྲིན་ལུང་གིས་བརྗེ་རེས་གཏམ་བཤད་སྤེལ།
ལི་ཆང་གིས་འཆད་ཁྲིད་དང་བརྗེ་རེས་གཏམ་བཤད་ལ་གསན་རྗེས། སྲིད་འཛིན་ཁྲིམས་འཛིན་ནི་སྲིད་གཞུང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། དཔལ་འབྱོར་སྤྱི་ཚོགས་ལས་དོན་ལ་དོ་དམ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། གཞུང་དྲང་དཔལ་ཡོན་གྱི་ཁྲིམས་འཛིན་ནན་མོ་དང་ཚད་ལྡན་དུ་གཏོང་རྒྱུ་ནི་ཁྲིམས་སྐྱོང་སྲིད་གཞུང་སྐྲུན་པའི་ནང་དོན་གལ་ཆེན་ཞིག་རེད། ད་ལྟ་ཁྱབ་ཁོངས་དང་ས་གནས་ཁ་ཤས་སུ་སྲིད་འཛིན་གྱི་ཆད་གཅོད་དབང་ཆ་གང་བྱུང་དུ་སྤྱོད་པ་དང་ཁྲིམས་བསྟར་དྲང་གཞག་མིན་པའི་སྣང་ཚུལ་སྔར་བཞིན་གནས་ཡོད། མང་ཚོགས་དང་ཁེ་ལས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་ནས་འགོ་བརྩམས་ཏེ། སྲིད་འཛིན་ཆད་གཅོད་དབང་ཆའི་གཞི་རྩའི་ཚད་གཞིའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས་དབང་ཆ་བཀོལ་སྤྱོད་ཚད་ལྡན་དུ་གཏོང་དགོས། ཚད་གཞིའི་ཁེབས་རྒྱ་ཕྱོགས་ཡོངས་མིན་པའི་གནད་དོན་ལ་དམིགས་ནས། ཆོག་འཐུས་དང་བསྡུ་ལེན། བཙན་ཤེད། ཞིབ་བཤེར་སོགས་ཀྱི་ཆད་གཅོད་དབང་ཆའི་ཚད་གཞི་དུས་ཚོད་དམ་འཛིན་བྱས་ཏེ་འཐུས་ཚང་དུ་གཏོང་དགོས། ཐག་གཅོད་བྱེད་ཚད་ལུགས་དང་མི་མཐུན་པའི་གནད་དོན་ལ་དམིགས་ནས་གཉེར་སྐྱོང་གཙོ་བོའི་ཁྲིམས་འགལ་གནས་ཚུལ་དང་ཐེག་ནུས་ལ་བསམ་གཞིགས་བྱས་ཏེ།“ཆད་པ་ཐལ་དྲགས་པའི”རྩ་དོན་ལྟར་ཆད་གཅོད་ཀྱི་ཚད་གཞི་གཏན་འཁེལ་བྱེད་དགོས། ས་གནས་ཀྱི་ཚད་གཞི་གཅིག་གྱུར་མིན་པའི་གནད་དོན་ལ་དམིགས་ནས། གཅིག་གྱུར་གྱིས་འཆར་འགོད་དང་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་ཐོག་ཏུ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས།
ལི་ཆང་གིས་སང་ལོར་ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་གྱི་ཆེད་དོན་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས་སྔོན་དཔག་བརྟན་པོ་དང་ཡིད་ཆེས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཁྲིམས་བསྟར་གོ་རིམ་ཚད་ལྡན་དུ་གཏོང་བ་དང་། སྲིད་འཛིན་ཁྲིམས་བསྟར་ཡོངས་བསྒྲགས་དང་། ཁྲིམས་བསྟར་གོ་རིམ་ཡོངས་ཀྱི་ཟིན་ཐོ་འགོད་པ། ཁྲིམས་བསྟར་ཐག་གཅོད་གལ་ཆེན་གྱི་ཁྲིམས་ལུགས་ཞིབ་བཤེར་ལམ་ལུགས་བཅས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། དག་ཞུ་བྱེད་པའི་ཐབས་ལམ་ཤར་བགྲོད་ཡོང་བར་བྱེད་པ་དང་། ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱ་ཡུལ་གྱི་དག་ཞུ་དབང་ཆ་འགན་སྲུང་བྱ་དགོས། ཁྲིམས་བསྟར་བྱེད་སྟངས་ལེགས་སྒྱུར་བྱས་ཏེ། ཉེས་ཚབས་ཆུང་ཙམ་ཡིན་པ་དང་། རང་སྣང་གི་ཤེས་བཞིན་མེད་པ། སྤྱི་ཚོགས་ལ་གནོད་འཚེ་ཅུང་ཆུང་བ་བཅས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་མཉེན་གཤིས་ཀྱི་ཁྲིམས་བསྟར་བྱེད་ཐབས་སྤྱད་ཆོག ཁྲིམས་འཛིན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཆད་གཅོད་དང་གཞུང་བཞེས་བཏང་བའི་ཡོང་འབབ་རྒྱུན་མི་ཆད་པར་འཕར་བ་དང་། ས་ཆ་གཞན་དུ་ཁྲིམས་འཛིན་འབོར་ཆེན་བྱེད་པ། གྲངས་འབོར་ཆེ་བའི་སྒོ་ནས་ཆད་གཅོད་བྱེད་པ་སོགས་ཀྱི་གནས་ཚུལ་ལ་དོ་ཁུར་བྱས་ཏེ། འབྲེལ་ཡོད་ཁྲིམས་འཛིན་བྱ་སྤྱོད་ལ་ཞིབ་བཤེར་དང་ཞིབ་དཔྱད་བྱས་ནས་གནད་དོན་ཡོད་ན་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས། ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་བསྟར་ལྟ་སྐུལ་གྱི་ཕན་ནུས་ཆེ་རུ་གཏོང་དགོས་ཞེས་བསྟན།
ལི་ཆང་གིས་སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་ཅན་དུ་གཏོང་དགོས་ན་དུས་རྒྱུན་གྱི་བྱ་བར་དམ་འཛིན་བྱེད་དགོས་པ་དང་། ངེས་པར་དུ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ལམ་ལུགས་ཚད་ལྡན་དང་འཐུས་ཚང་དུ་གཏོང་བ། གཅུན་པའི་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འཛིན་བྱེད་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། མང་ཚོགས་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནན་མོ་བྱེད་པ་དང་། འགྲན་རྩོད་དྲང་གཞག་གི་ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་ཞེས་ནན་གྱིས་བསྟན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注