ཀྲུང་གོ་དང་ལའོ་ཝུའོ་ཏང་གཉིས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་གཉིས་པ་ཞི་ཨན་དུ་བསྡུས་པ།
ཟླ12ཚེས17ཉིན། “འཕེལ་རྒྱས་ཀྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བའི་ཀྲུང་གོའི་ཉམས་མྱོང་དང་ལའོ་ཝུའོ་ཡི་ཉམས་མྱོང”བརྗོད་དོན་གཙོ་བོ་ཡིན་པའི་ཀྲུང་གོ་དང་ལའོ་ཝུའོ་ཏང་གཉིས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་གཉིས་པ་ཧྲའན་ཞིའི་ཞི་ཨན་གྲོང་ཁྱེར་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་དང་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། སྲིད་གཞུང་གི་ཙུང་ལི་གཞོན་པ་ཅི་ཆའོ་ཚོགས་འདུར་ཞུགས་པར་མ་ཟད་བརྗོད་དོན་གཙོ་བོའི་སྙན་ཞུ་ཕུལ། ལའོ་ཝུའོ་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཁན་ཕན་ཚོགས་འདུར་ཞུགས།
ལི་ཧྲུའུ་ལེ་ཡིས་ཀྲུང་གོ་དང་ལའོ་ཝུའོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན་དང་གྲོས་མོལ་ཐེངས་མང་གནང་ནས། དུས་རབས་གསར་པའི་ཀྲུང་གོ་དང་ལའོ་ཝུའོ་ཡི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྣེ་ཁྲིད་མཛད་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་དཔལ་འབྱོར་བྱ་བའི་ཆོས་ཉིད་ཐད་ཀྱི་ངོས་འཛིན་མུ་མཐུད་དུ་ཇེ་ཟབ་ཏུ་བཏང་སྟེ། འདུ་ཤེས་གསར་པ་དང་དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྣེ་ཁྲིད་བྱས་ཡོད། ཀྲུང་གོས་ཏང་གིས་དཔལ་འབྱོར་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་རང་སྟོབས་རང་སྤེལ་བྱེད་རྒྱུ་དེ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་དུ་བྱེད་པ། རིམ་གྲས་གཏིང་ཟབ་པའི་བཅོས་སྒྱུར་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། དམངས་འཚོའི་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་ཁྲོད་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བཅས་བྱས་ཡོད་ཅེས་བསྟན།
ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ཀྱིས་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་ཐོབ་པའི་གྲུབ་འབྲས་མངོན་གསལ་ལ་གདེང་འཇོག་མཐོན་པོ་གནང་ཞིང་། ཀྲུང་གོ་དང་མཉམ་དུ་ཕྱོགས་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་དང་། བསམ་བློ་དྲིལ་སྒྲོག་དང་རིག་གནས་བརྗེ་རེས་ཟབ་སྤེལ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་ལའོ་ཝུའོ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
བགྲོ་གླེང་ཚོགས་འདུ་མ་འཚོགས་པའི་སྔོན་ལ་ལི་ཧྲུའུ་ལེ་ཡིས་ལའོ་ཝུའོ་ཕྱོགས་ཀྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་གནང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注