མཚོ་སྔོན་གྱིས་ཕྱི་དངུལ་བེད་སྤྱོད་བྱས་པར་གྲུབ་འབྲས་གསར་པ་ཐོབ།
ཟླ12ཚེས12ཉིན་ཞིང་ཆེན་ཚོང་དོན་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱི་དངུལ་གྱི་ཞབས་ཞུའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱི་རྒྱལ་གྱི་ཚོང་པའི་དངུལ་གཏོང་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཕྱི་དངུལ་བེད་སྤྱོད་ལ་ཕན་འབྲས་གསར་པ་ཐོབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཞིང་ཆེན་ཡོངས་ཀྱི་ཕྱི་དངུལ་བེད་སྤྱོད་བྱས་ཚད་ན་ནིང་གི་དུས་མཚུངས་ལས་ལྡབ8ལྷག་འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཏེ་ཞིང་ཆེན་ཡོངས་ཀྱི་ཕྱི་དངུལ་བེད་སྤྱོད་བྱེད་ཚད་མགྱོགས་མྱུར་ངང་འཕར་ཡོད།
ཞིང་ཆེན་ཚོང་དོན་ཐིན་གྱིས་སྔ་རྗེས་སུ《མཚོ་སྔོན་ཞིང་ཆེན་གྱིས་ཕྱི་རྒྱལ་གྱི་ཚོང་པའི་མ་དངུལ་གཏོང་བའི་ཁོར་ཡུག་སྔར་ལས་ལེགས་བཅོས་དང་ཕྱི་རྒྱལ་གྱི་ཚོང་པའི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་འགའ》དང་། 《མཚོ་སྔོན་ཞིང་ཆེན་གྱི་ཕྱི་དངུལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་གཏན་འཁེལ་བྱེད་ཐབས》སོགས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ། ཁྱབ་ཁོངས་གཙོ་བོའི་ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་བྱེད་པའི་ཐབས་ལམ་རྒྱ་སྐྱེད་གཏོང་བ། ཞབས་ཞུའི་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བར་སྐུལ་སྤེལ་བྱེད་པའི་ཐབས་ལམ་རྒྱ་སྐྱེད་གཏོང་བ་བཅས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་རྨང་གཞི་བཏིངས་ཡོད། ད་ཡོད་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བའི་བཀོད་པ་ལེགས་སྒྲིག་བྱས་ཏེ། མཚོ་སྔོན་གྱི་ནུས་ཁུངས་གསར་པ་དང་། བཟོ་སྐྲུན་ལས་རིགས། ཞབས་ཞུའི་ལས་རིགས། ལྗང་མདོག་རྩིས་ནུས་སོགས་ཀྱི་ཁྱབ་ཁོངས་སུ་དངོས་འབེབས་བྱས་ནས། ཞིང་ཆེན་ཡོངས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱེད་པར་འཕེལ་རྒྱས་གསར་པ་བྱུང་ཡོད།
དུས་མཚུངས་སུ་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་དགེ་མཚན་གསར་པར་བརྟེན་ནས། ཚྭ་མཚོའི་ཐོན་ཁུངས་དང་། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་པ། གཞི་གྲངས་ཆེན་པོ། ཁྱད་ལྡན་ཞིང་ཕྱུགས་ལས་སོགས་གཙོ་གནད་ཐོན་ལས་ཆེ་གྲས7ལ་དམིགས་ཏེ། ཕྱི་དངུལ་གྱི་གྲུབ་ཆ་གཙོ་བོ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཞིང་ཆེན་ཡོངས་སུ་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བའི་ཁེ་ལས14གསར་དུ་བཙུགས་པ་དེ། ན་ནིང་གི་དུས་མཚུངས་ལས40%འཕར་ནས། ཕྱི་དངུལ་གྱི་གྲུབ་ཆ་གཙོ་བོ་གསོ་སྐྱོང་བྱེད་པའི་ཐད་ཐོད་བརྒལ་གསར་པ་བྱུང་ཡོད།
ཐོན་ལས་རྨང་གཞི་ཇེ་བརྟན་དུ་སོང་བ་དང་བསྟུན་ནས། སྤུས་ལེགས་ཕྱི་དངུལ་ལས་གཞི་མུ་མཐུད་དུ་རང་ཞིང་དུ་ལག་བསྟར་བྱས། ལྗང་མདོག་རྩིས་ནུས་དང་ཞབས་ཞུའི་ལས་རིགས་ཀྱི་ཁྱབ་ཁོངས་ཁེ་ལས་ཐོག་མར་ནང་འདྲེན་བྱས་པ་དང་ཆབས་ཅིག འོད་ཤུགས་ཐོན་ལས་དང་སྐྱེ་དངོས་སྨན་རྫས་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་མ་དངུལ་གཏོང་ཚད་མུ་མཐུད་དུ་ཇེ་མང་དུ་བཏང་སྟེ། ཕྱི་དངུལ་ལས་གཞི་གལ་ཆེན་སྐོར་ཞིག་ལ་མུ་མཐུད་དུ་ཤུགས་བསྣན།
མཚོ་སྔོན་གྱི་རིམ་པ་སོ་སོའི་ཚོང་དོན་སྡེ་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོར་མ་དངུལ་གཏོང་བའི་མཚོ་སྔོན་གྱི་བྱ་སྤྱོད་སྤེལ་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་ལེགས་ཆ་གསར་པར་བརྟེན་ནས། འབྲི་ཆུའི་ཟུར་གསུམ་ས་ཁུལ་དང་། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་སུ་ཐོག་མར་མཚོ་སྔོན་གྱི་གཙོ་གནད་ཐོན་ལས་འོས་སྦྱོར་ཚོགས་འདུ་འཚོགས་པ་དང་། ཚོང་དོན་པུའུ། ཐའེ་ཝན་དང་ཞང་ཀང་། ཨའོ་མོན་བཅས་ཀྱིས་གཉེར་བའི་ཞང་ཀང་དང་ཨའོ་མོན་གྱི་ཁེ་ལས་ཀྱིས་ནུབ་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་དང་གཉིས་ཕན་མཉམ་ལས་ཀྱི་དྲིལ་བསྒྲགས་འབྲེལ་མཐུད་བྱ་འགུལ་ལ་ཐོག་མར་ཞུགས་པ། མཚོ་སྔོན་དང་ཞང་ཀང་བར་གྱི་དཔལ་འབྱོར་ཉོ་ཚོང་གི་མཚམས་སྦྱོར་ཚོགས་འདུ་འཚོགས་པ། “ངོ་འཕྲད་གྲོས་མོལ་ཚོགས་འདུ”འཚོགས་པ་སོགས་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་གོ་སྐབས་དང་བསྟུན་ནས། མཚོ་སྔོན་གྱི་གྲུབ་འབྲས་གསར་པ་དང་། ཐོན་ལས་གསར་པའི་དགེ་མཚན་དྲིལ་བསྒྲགས་ལེགས་པོ་བྱས་ཏེ། མཚོ་སྔོན་གྱིས་ཕྱི་དངུལ་ནང་འདྲེན་བྱེད་ཐབས་མུ་མཐུད་དུ་རྒྱ་སྐྱེད་པས། ལས་སྟེགས་ཀྱི་མ་དངུལ་ནང་འདྲེན་ནུས་པ་ཉིན་བཞིན་མངོན་གསལ་དུ་གྱུར་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注