ཧན་ཀྲིན་གྱིས་ཡོ་ནན་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཕེ་ཆིན་ཧྲན་ལ་མཇལ་འཕྲད་གནང་།
ཟླ12པའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ། ཡོ་ནན་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཕེ་ཆིན་ཧྲན་ལ་མཇལ་འཕྲད་གནང་བའི་ཚུལ།
ཟླ12པའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ། ཡོ་ནན་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཕེ་ཆིན་ཧྲན་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་ཀྲུང་གོ་དང་ཡོ་ནན་ནི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ལམ་གྲོགས་དང་བཅོས་སྒྱུར་བགྲོད་ལམ་སྟེང་གི་ཟླ་གྲོགས་བཟང་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་ཀྱི་ཇུས་འགོད་གནང་ནས། ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་ལ། ཀྲུང་གོ་དང་ཡོ་ནན་གྱི་མི་གཞུང་རིག་གནས་བརྗེ་རེས་ལོའང་ཡིན་པས། ཕྱོགས་གཉིས་ཀས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀའི་ཆེས་མཐོའི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དེ་གཞི་འཛིན་སར་བྱས་ནས། འཐབ་ཇུས་ཀྱི་འབྲེལ་བ་རྒྱུན་འཁྱོངས་དང་དངོས་གཉེར་མཉམ་ལས་རྒྱ་སྐྱེད། དམངས་འདོད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཟབ་སྤེལ་དང་ཏན་ཏིག་གི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་དགོས་ཞེས་གསུངས།
ཕེ་ཆིན་ཧྲན་གྱིས་ཀྲུང་གོའི་བར་གྱི་ཡུན་རིང་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི། ཡོ་ནན་ཕྱི་འབྲེལ་གྱི་འདོད་ཚུལ་གཙོ་བོ་ཞིག་དང་ཕྱི་རོལ་ཡུལ་གྱི་བླང་བྱ།འཐབ་ཇུས་ཀྱི་གདམ་ག སྔོན་གཉེར་གྱི་ལས་དོན་བཅས་ཡིན། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་པ་དང་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་ཟབ་སྤེལ་གཏོང་བ་བཅས་བྱས་ཏེ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注