ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་གཙོ་བོའི་འགན་ཁུར་མི་སྣར་མཇལ་འཕྲད་གནང་།
ཟླ12པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་བཅུའི་གླེང་མོལ་ཚོགས་འདུར་ཞུགས་པར་ཡོང་བའི་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཀྱི་འགན་ཁུར་མི་སྣར་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་གཙོ་བོའི་འགན་ཁུར་མི་སྣ་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན་པ་དང་། ཁོ་ཚོས་དུས་ཡུན་རིང་བོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་སྒོས་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་ཟང་ཟིང་དང་སྒྱུར་བཅོས་ཀྱི་དུས་སྐབས་གསར་པར་སླེབས་ལ། ཡང་བསྐྱར་གནད་འགག་གི་བཞི་མདོ་རུ་གནས་ཡོད། མིའི་རིགས་ནི་སྐྱིད་སྡུག་མཉམ་མྱོང་བྱེད་པའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན་པ་དང་། རྒྱལ་ཁབ་ཐམས་ཅད་སོ་སོར་གྲུ་ཆུང་བརྒྱ་དང་དགུ་བཅུའི་སྟེང་བསྡད་ཡོད་པ་ཞིག་མིན་པར། སྐྱིད་སྡུག་མཉམ་མྱོང་བྱེད་པའི་གྲུ་གཟིངས་ཆེན་པོའི་སྟེང་བསྡད་ཡོད་པས། ཚང་མས་ཕ་རོལ་བའི་འཕེལ་རྒྱས་དེ་རང་ཕྱོགས་ཀྱི་གོ་སྐབས་སུ་བརྩི་བ་ལས་འགྲན་རྩོད་དུ་བརྩི་མི་འོས་པ་དང་། ཚང་མས་ཕ་རོལ་བ་རང་ཕྱོགས་ཀྱི་གྲོགས་པོ་རུ་བརྩི་བ་ལས་དགྲ་ཟླར་འཛིན་མི་རུང་ལ། འཛམ་གླིང་ཧྲིལ་བོས་མཉམ་དུ་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་མཐུན་སྒྲིལ་རོགས་ལས་དང་གཉིས་ཕན་མཉམ་རྒྱལ་བྱེད་རྒྱུ་དེ་དུས་རབས་ཀྱི་དབྱངས་རྟ་གཙོ་བོར་འགྱུར་བར་བྱེད་དགོས། ཀྲུང་གོས་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་གཙོ་བོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལག་ལེན་དུ་བསྟར་བ་དང་། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་པ། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་བཏང་ནས། ཐུན་མོང་འཕེལ་རྒྱས་ཀྱི་དྲང་གཞག་ཅན་གྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་འདོད་ཡོད།
གསར་སྤེལ་དངུལ་ཁང་གསར་པའི་འགོ་གཙོ་ལཱོ་སའེ་ཧྥུའུ་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་འདོམས་པ་ཀཱི་ཨོ་ཨེར་ཅི་ཡེ་ཝ། འཛམ་གླིང་དངུལ་ཁང་གི་འགོ་གཙོ་ཕིན་ཨན་ཅེ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དབྱི་ཝེ་བཅས་ཀྱིས་ཕྱི་ཕྱོགས་ཀྱི་ཚབ་བྱས་ནས་གཏམ་བཤད། ཁོ་ཚོས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་ལ། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་བཟང་སྙམ་པ་དང་། ཀྲུང་གོས་དུས་ཡུན་རིང་བོར་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཀྱི་བྱ་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀུན་གྱིས་མཐོང་ཐུབ་པ་དང་། ལྷག་པར་དུ་དབུལ་སེལ་ཁྱབ་ཁོངས་སུ་མིའི་རིགས་ཀྱི་བྱས་རྗེས་ངོ་མཚར་ཅན་བསྐྲུན་ལ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཕྱོགས་ནས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་དང་། ཀྲུང་གོ་སྲིད་གཞུང་གིས་གཙོ་འགན་ཁུར་བའི་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ནི་ཧ་ཅང་ལེགས་ཤིང་འགྲིག་པ་ར་སྤྲོད་བྱེད་ཐུབ་ལ། འཛམ་གླིང་ལ་མཚོན་ན་བློ་སྒོ་འབྱེད་པའི་དོན་སྙིང་ལྡན། ཀྲུང་གོ་ནམ་ཡང་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་བྱེད་པའི་སྒུལ་ཤུགས་གཙོ་བོ་ཡིན་ལ། ཕྱོགས་མང་རིང་ལུགས་ཀྱི་བློ་རྩ་བརྟན་པའི་བརྩི་སྲུང་མཁན་ཡིན། ཀྲུང་གོས་བཅོས་སྒྱུར་ཕྱོགས་ཡོངས་ནས་རྒྱུན་མཐུད་ངང་ཟབ་སྤེལ་བྱས་པ་དང་། ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱས་ནས། འཛམ་གླིང་དང་ལྷག་པར་དུ་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་གོ་སྐབས་ཆེན་པོ་འདོན་སྤྲོད་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་འཛམ་གླིང་ཧྲིལ་བོའི་གྲོས་འགོ་ཆེན་པོ་གསུམ་བཏོན་པ་དེས་ཀྲུང་གོ་ནི་འགན་ཁུར་བའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཁག་ཁུར་མངོན་པར་བྱས་ཡོད་ལ། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ཀྲུང་གོའི་འཕེལ་རྒྱས་ཀྱི་མགྱོགས་འཁོར་ལ་འདུག་པ་དང་རང་སྟེང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྟེགས་བུ་གལ་ཆེན་འདོན་སྤྲོད་བྱས། མིག་སྔར། འཛམ་གླིང་གི་དཔལ་འབྱོར་གནས་བབ་ཐད་ནས་དཀའ་ཁག་དང་འགྲན་རྩོད་མང་པོར་ཐུག་ཡོད་པ་དང་། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་འུར་སྒྲ་ཇེ་ཆེར་འགྲོ་བཞིན་ཡོད། འཛམ་གླིང་གི་རྒྱལ་ཁབ་སོ་སོས་རེ་བའི་མིག་ཟུང་ཀྲུང་གོར་ཅེར་ཡོད་པ་དང་། ཀྲུང་གོས་མུ་མཐུད་དུ་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་བྱེད་པའི་ཐད་ཆེས་གལ་ཆེ་བའི་སྐུལ་ཁྲིད་ནུས་པ་འདོན་རྒྱུའི་རེ་བ་བཅངས་ཡོད་ལ་ཡིད་ཆེས་ཀྱང་ཡོད། རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་གཙོ་བོས་ཀྲུང་གོའི་བར་རོགས་ལས་དམ་ཟབ་བྱེད་པ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། རང་དབང་ཉོ་ཚོང་དང་དཔལ་འབྱོར་འཛམ་གླིང་ཅན་ལ་སྲུང་སྐྱོང་བྱས་ནས། འཛམ་གླིང་གི་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པ་དང་། མིའི་རིགས་ཀྱི་སྐྱིད་སྡུག་མཉམ་མྱོང་གི་མ་འོངས་པ་མཉམ་སྐྲུན་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ཕྱི་ཕྱོགས་འཐུས་ཚབ་པའི་གཏམ་བཤད་ལ་ཉན་པར་མ་ཟད། འཛམ་གླིང་གི་དཔལ་འབྱོར་དང་ཀྲུང་གོའི་དཔལ་འབྱོར། འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་བཅོས་སྐྱོང་སོགས་ཕ་རོལ་བོས་སེམས་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ།
ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་གི་དཔལ་འབྱོར་སྟོབས་ལྡན་དང་རྒྱུན་མཐུད་འཕར་སྣོན་གྱི་ལམ་དུ་བསྐྱོད་པར་ཇི་ལྟར་སྐུལ་འདེད་གཏོང་རྒྱུ་ནི། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་དཔྱད་གཞི་གལ་ཆེན་ཡིན། རྒྱལ་ཁབ་སོ་སོར་རང་སོ་སོའི་དཀའ་ཁག་ཡོད་པ་དང་། མཉམ་ལས་སྒོས་སྒོ་འབྱེད་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་འོས་ལ། གསར་གཏོད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། གཞི་གྲངས་དཔལ་འབྱོར་དང་མི་ཐབས་རིག་ནུས། ཐཱན་ཉུང་ལག་རྩལ་སོགས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ། དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་ཡོང་ཁུངས་གསར་སྐྲུན་བྱས་ཏེ། ཤེས་བྱ་དང་ལག་རྩལ། ཤེས་ལྡན་མི་སྣ་བཅས་རྒྱལ་ཁབ་བརྒལ་ནས་འཁོར་རྒྱུག་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཁེར་རྐྱང་དུ་འདུག་པ་དང་གཞན་ལ་འབྲེལ་མཚམས་བཅད་ན་རང་གཞན་གཉིས་ཀར་གནོད་པ་ཤེས་དགོས། ཀྲུང་གོས་ནམ་ཡང་ཀྲུང་གོ་བཟང་ན་འཛམ་གླིང་བཟང་བ་དང་། འཛམ་གླིང་བཟང་ན་ཀྲུང་གོ་དེ་ལས་ཀྱང་བཟང་བའི་ངོས་འཛིན་ཟབ་མོ་བཅངས་ཡོད་ལ། རྒྱལ་ཁབ་སོ་སོས་དཔལ་འབྱོར་སྟེང་གི་ཕན་ཚུན་རྒྱབ་རྟེན་དེ་སྐྱོན་སྤང་དགེ་སྤེལ་དང་གཉིས་ཕན་མཉམ་རྒྱལ་བྱེད་པའི་དོན་བཟང་དུ་བརྩི་བ་ལས་ཉེན་ཁ་རུ་བརྩི་མི་འོས་པར་འདོད་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གནས་ཚུལ་དང་ལྷག་པར་དུ་ཉེ་དུས་བཏོན་པའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ངོ་སྤྲོད་བྱས་ནས་བསྟན་དོན། ལོ་ངོ་བཞི་བཅུའི་རིང་གི་རྒྱུན་མཐུད་ཅིང་ཚད་མགྱོགས་པའི་འཕེལ་རྒྱས་བརྒྱུད་དེ། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་སླེབས་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཐད་བྱས་རྗེས་འཇོག་པའི་ཚད་བརྒྱ་ཆའི་སུམ་ཅུ་ཡས་མས་སུ་སྲུང་འཛིན་བྱས་ཡོད། ཀྲུང་གོར་ད་ལོའི་དཔལ་འབྱོར་འཕར་སྣོན་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཡིད་ཆེས་བརྟན་པོ་ཡོད་ལ། མུ་མཐུད་དུ་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་བྱེད་པའི་ཆེས་ཆེ་བའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་རྒྱུ་ཡིན། ཀྲུང་གོའི་འཕེལ་རྒྱས་ནི་སྒོ་འབྱེད་དཀྱེལ་ཡངས་ཡིན་ལ། ཀྲུང་གོས་རྒྱུན་མཐུད་ངང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་དང་། རང་འགུལ་གྱིས་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་སྒྲིག་ལམ་དུ་སྦྲེལ་མཐུད་བྱེད་པ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲས་འཛུགས་སྐྲུན་བྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རིགས་ཀྱི་དཔལ་འབྱོར་སྒྲིག་གཞི་གསར་པ་འཛུགས་པ་བཅས་བྱས་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཐད་གོ་སྐབས་གསར་པ་སྔར་ལས་མང་པོ་འདོན་སྤྲོད་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁེ་སྤོགས་སྔར་ལས་མང་པོ་མཉམ་སྤྱོད་བྱེད་རྒྱུ་ཡིན།
ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་ནང་བཏོན་པའི་ལོ་བཅུའི་རིང་བླངས་པའི་གྲུབ་འབྲས་ངོ་སྤྲོད་བྱས་ནས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་དངོས་སྒྲུབ་པ་དང་འགུལ་སྐྱོད་པ་ཡིན་ལ། གཟེར་འདེབས་སྙིང་སྟོབས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་འཛམ་གླིང་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ལྕགས་ཟམ་འཛུགས་དགོས། རྒྱལ་ཁབ་སོ་སོའི་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་མུ་མཐུད་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པར་དགའ་བསུ་ཞུ་བ་དང་། ཞི་བའི་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་ཀྱི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དེང་རབས་ཅན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན།
འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་བཅོས་སྐྱོང་སྐོར་ནས། ཞི་ཅིན་ཕིང་གིས་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་བྱེད་རྒྱུ་དེ། ནུས་པ་ལྡན་ཞིང་གྲུབ་འབྲས་ལྡན་པའི་འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་བཅོས་སྐྱོང་དང་ཁ་འབྲལ་ཐབས་མེད། རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཀྱིས་བབ་བསྟུན་མདུན་སྐྱོད་བྱེད་པ་དང་། དུས་རབས་ཀྱི་འབོད་སྒྲ་དང་འཛམ་གླིང་མི་དམངས་ཀྱི་རེ་སྒུག་ལ་ལན་འདེབས་པ། འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་གི་བཅོས་སྒྱུར་ཁྲོད་ཞུགས་པ་དང་དེར་སྐུལ་འདེད་གཏོང་བ། སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་འཛུགས་པ། འཛམ་གླིང་གི་དཔལ་འབྱོར་རྣམ་པའི་་འཕེལ་རྒྱས་དང་འགྱུར་ལྡོག་མཚོན་པར་བྱེད་པ། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུབ་ཚབ་རང་བཞིན་དང་སྨྲ་བརྗོད་དབང་ཆ་ཇེ་ཆེར་གཏོང་དགོས། ཕྱོགས་སོ་སོར་དེའི་ཕྱོགས་ནས་ཐུན་མོང་གི་ལྟ་བ་ཁ་ཤས་བྱུང་བ་དང་། གནད་འགག་ནི་རེ་སྨོན་དེ་མངོན་སུམ་དུ་བསྒྱུར་དགོས། འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་བཅོས་སྐྱོང་ཐད་ནས་ཇི་ལྟར་བཅོས་སྒྱུར་བྱས་རུང་། ངེས་པར་དུ་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་སོ་སོའི་དབང་ཆ་འདྲ་མཉམ་ཡིན་པ་དང་གོ་སྐབས་འདྲ་མཉམ་ཡིན་པ། སྒྲིག་ལམ་འདྲ་མཉམ་ཡིན་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་ད་དུང་ཀྲུང་གོས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཐོག་མཐའ་བར་གསུམ་དུ་འཛིན་པའི་རྩ་དོན་དང་ལངས་ཕྱོགས་འགྲེལ་བཤད་གསལ་བོ་བྱས་པ་དང་། ཀྲུང་གོས་ཨ་མེ་རི་ཁའི་སྲིད་གཞུང་བར་གྱི་གྲོས་མོལ་རྒྱུན་འཁྱོངས་དང་མཉམ་ལས་རྒྱ་སྐྱེད། འགལ་རྩོད་བཀག་སྡོམ་བྱེད་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་འཇགས་དང་བདེ་ཐང་། རྒྱུན་སྲིང་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ལ། ཨ་མེ་རི་ཁ་ཀྲུང་གོ་དང་ཁ་ཕྱོགས་གཅིག་ཏུ་བསྐྱོད་རྒྱུའི་རེ་བ་བཅངས་ཡོད། སྒོ་ཁྲལ་རྩོད་གཞི་དང་ཉོ་ཚོང་རྩོད་གཞི། ཚན་རྩལ་རྩོད་གཞི་བཅས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་དཔལ་འབྱོར་གྱི་ཆོས་ཉིད་དང་འགལ་ཡོད་པས། སུ་ལ་ཡང་རྒྱལ་ཁ་ཐོབ་མི་སྲིད། ཀྲུང་གོས་ནམ་ཡང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་རང་ཉིད་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་རྒྱུན་འཁྱོངས་བྱེད་པ་དང་། རང་ཉིད་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བཟང་བོ་བྱེད་རྒྱུ་ཡིན། དེ་དང་མཉམ་དུ་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྤེལ་བའི་ཆོད་སེམས་ནམ་ཡང་འགྱུར་མི་སྲིད་ཅེས་ནན་གྱིས་བསྟན།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注