ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་བརྒྱད་པའི་སྟེང་གསུང་བཤད་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ12ཚེས9ཉིན་གྱི་ཕྱི་དྲོར་རང་རྒྱལ་གྱི་ལོ་རྒྱུས་ཐོག་གི་མཐའ་མཚམས་བཅོས་སྐྱོང་ཐད་ཐུན་མོང་སློབ་སྦྱོང་ཐེངས་བཅོ་བརྒྱད་པ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་མཐའ་མཚམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དགོས་ངེས་ཀྱི་དོན་སྙིང་ཞིག་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་མཐའ་མཚམས་བཅོས་སྐྱོང་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་བྱས་ཏེ། མཐའ་མཚམས་བཅོས་སྐྱོང་གི་ལས་དོན་སྣ་ཚོགས་ཡག་པོར་སྒྲུབ་པ་དང་། མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་རིག་གཞུང་པུའུ་ཡི་ཨུ་ཡོན། ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་བློ་མཐུན་ལིས་གོ་ཆང་གིས་གནད་དོན་དེར་འགྲེལ་བཤད་བརྒྱབ་ནས་བྱ་བའི་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་སྒོས་ཉན་པར་མ་ཟད་གྲོས་སྡུར་བྱས།
ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་སྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཁྱོན་ཡོངས་ལ་དམིགས་ནས། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས”ཞེས་པ་དང་། “མཐའ་དར་དམངས་ཕྱུག་དང་མཐའ་མཚམས་སྲ་བརྟན་དུ་གཏོང་དགོས”ཞེས་པ་སོགས་ཆོད་གཏམ་གལ་ཆེན་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཏེ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། མཐའ་མཚམས་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་སྐྱོད་ལམ་གསར་པར་བསྐྱོད་པར་སྐུལ་འདེད་བཏང་བས། མཐའ་མཚམས་བཅོས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་རེད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་དེ་མཐའ་མཚམས་བཅོས་སྐྱོང་གི་ཕྱོགས་ཡོངས་དང་བརྒྱུད་རིམ་ཡོངས་སུ་དོན་འཁྱོལ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། འཐབ་ཇུས་འཆར་འགོད་དང་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མཐའ་མཚམས་བཅོས་སྐྱོང་བྱེད་རྒྱུ་དེ་ཕྱོགས་སོ་སོའི་ལས་དོན་འཕེལ་རྒྱས་ཁྲོད་དུ་འདྲེས་པར་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་རང་འགན་རང་འཁུར་དང་། ཁག་ཁུར་ཕོད་པ། གཞོགས་འདེགས་དམ་ཟབ་བཅས་བྱས་ནས་སྒུལ་ཤུགས་ཆགས་པར་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་དགོངས་དོན་དང་དཔེ་སྡུར་ཚད་སྡུར་བྱེད་དགོས་པར་མ་ཟད། འཆར་འགོད་དང་། ཁྲིམས་སྲོལ། སྲིད་ཇུས། ལས་གཞི་བཅས་སོ་སོའི་བྱེ་བྲག་གི་འཆར་འགོད་དང་ལག་བསྟར་གྱི་ཁྲོད་དུ་དོན་འཁྱོལ་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མཐའ་མཚམས་ས་ཁུལ་གཅིག་ཀྱང་མེད་མི་རུང་། མཐའ་མཚམས་ས་ཁུལ་འཕེལ་རྒྱས་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་ཁྲོད་འཇོག་པ་དང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ཁྲོད་བཞག་སྟེ། ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་འདུ་ཤེས་གསར་པ་འཐུས་ཚང་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ་དང། མཐའ་མཚམས་ས་ཁུལ་རང་ངོས་ཀྱི་ཆ་རྐྱེན་བཟང་པོར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོའི་ནང་འདྲེས་པའི་རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་དགོས། བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་སྒུལ་ཤུགས་སྣོན་པ་དང་གསོན་ཤུགས་རྒྱས་པར་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་མཚོ་རྒྱུད་དང་མཐའ་མཚམས་རྒྱུད་སོགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། སྒོ་འབྱེད་ཀྱི་མཐོ་ས་སྣ་ཚོགས་བསྐྲུན་པ་དང་། སྐམ་མཚོའི་རྒྱལ་ཁབ་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་སྐྱོར་བྱེད་པའི་ཕྱོགས་ཡོངས་ཀྱི་སྒོ་འབྱེད་རྣམ་པ་ཆགས་པར་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། རྫོང་མཁར་ཐེག་བྱད་གཙོ་བོར་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་པར་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གཞི་ཁྱོན་ཅན་གྱི་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་བར་ནུས་ཡོད་སྒོས་བཀག་འགོག་བྱེད་དགོས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཞན་ཆ་མགྱོགས་མྱུར་ངང་གསབ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དེ་མཐའ་མཚམས་མི་རིགས་ས་ཁུལ་གྱི་བྱ་བའི་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་ལག་བསྟར་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཐད་ཀྱི་ངོས་འཛིན་གཅིག་མཐུན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་དང་། རྒྱལ་ཁབ་ཀྱིས་གཅིག་གྱུར་རྩོམ་སྒྲིག་བྱས་པའི་སློབ་གཞི་ཁྱོན་ཡོངས་ནས་ཁྱབ་སྤེལ་དང་བེད་སྤྱོད་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་མུ་མཐུད་དུ་ཟབ་སྤེལ་དང་། སྒར་རེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་སྡེ་ཁུལ་གྱི་ཁོར་ཡུག་ཧུར་ཐག་གིས་བསྐྲུན་ཏེ། མི་རིགས་ཁག་སེ་འབྲུ་བཞིན་དུ་དམ་པོར་སྦྲེལ་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་རྒྱུ་དེ་མཐའ་མཚམས་བཅོས་སྐྱོང་གི་ཚད་མཐའི་བླང་བྱར་བརྩི་བ་རྒྱུན་འཁྱོངས་བྱེད་དགོས། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ། མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཚན་རྩལ་གྱི་ནུས་པ་ཆེ་རུ་གཏོང་བ། རྒྱལ་སྲུང་མཐའ་སྲུང་གི་སྤྱི་ཡོངས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཐའ་མཚམས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བར་གཞུང་ལུགས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། མཐའ་མཚམས་ལོ་རྒྱུས་དང་མཐའ་མཚམས་བཅོས་སྐྱོང་གི་འབྲེལ་ཡོད་རིག་ཚན་མང་པོར་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་གོའི་རང་བདག་གི་མཐའ་མཚམས་རིག་པའི་ཤེས་བྱའི་མ་ལག་མགྱོགས་མྱུར་ངང་འཛུགས་དགོས། མཐའ་མཚམས་བཅོས་སྐྱོང་གི་རིགས་པའི་གཞུང་ལུགས་གལ་ཆེན་དང་དངོས་ཡོད་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཤུགས་རྐྱེན་དང་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་ཞིབ་འཇུག་གྲུབ་འབྲས་སྔར་ལས་མང་པོ་འདོན་དགོས། མཐའ་མཚམས་ཞིབ་འཇུག་གི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་མཐའ་མཚམས་བཅོས་སྐྱོང་གི་གཏམ་རྒྱུད་ཡག་པོར་བརྗོད་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། གཞུང་ལུགས་ཀྱི་བློ་སྦྱོང་། ཕྱོགས་བསྡུས་བྱང་ཚད་མཐོ་བ་བཅས་ཀྱི་མཐའ་མཚམས་བཅོས་སྐྱོང་གི་ཞིབ་འཇུག་དཔུང་སྡེ་ཞིག་བསྐྲུན་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注