ཁྲིན་ཀང་གིས་མཚོ་ནུབ་ཁུལ་ཝུའུ་ལན་རྫོང་གི་དམར་པོའི་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་བེད་སྤྱོད་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས།
ཟླ12པའི་ཚེས6ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་དུ་སོང་ནས་དམར་པོའི་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་བེད་སྤྱོད་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས། ཁྲིན་ཀང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམར་པོའི་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་དམར་པོའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། འགན་འཁྲི་ལག་བསྟར་བྱེད་པར་ཤུགས་སྣོན་པ། མཱོ་ཧི་རྔ་མོང་ར་བའི་དམར་པོའི་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་བེད་སྤྱོད་བྱ་བ་བཟང་བོར་སྒྲུབ་ནས། དམར་པོའི་རིག་གནས་ལ་དུས་རབས་ཀྱི་འོད་སྣང་འཚེར་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།
ཁྲིན་ཀང་སོགས་ཞིང་ཆེན་གྱི་འགོ་ཁྲིད་རྔ་མོང་ར་བའི་བཤམས་སྟོན་ཁང་དང་སྐྱེལ་འདྲེན་བཟོ་བའི་ཚོགས་ཁང་། མཱོ་ཧིའི་ས་ཕུག་སོགས་ལ་སོང་ནས། བོད་དུ་འཁྱེར་ཡོང་བའི་སྐར་ལྔའི་དར་དམར་ཐོག་མ་དང་ལག་བྲིས་བོད་འགྲིམ་ས་རིས་ཐོག་མ་སོགས་རིག་དངོས་ལ་བལྟས་པ་དང་། རྔ་མོང་ར་བའི་འཕེལ་རྒྱས་ལོ་རྒྱུས་དང་དམར་པོའི་རིག་གནས་ཐོན་ཁུངས་ཀྱི་སྲུང་སྐྱོབ་ཞིབ་འཇུག་དང་བེད་སྤྱོད་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། དེའི་རྗེས་རྨ་མོང་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དང་། ཝུའུ་ལན་རྫོང་གི་གྲོང་གསེབ་དར་སྤེལ་ཐོན་ལས་གླིང་ཁུལ་ནང་གི་མའེ་པཱ་ཧྥུའུ་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་ཟི། ཧྲང་ཕེན་རྔ་མོང་འོ་མའི་ཚད་ཡོད་ཀུང་ཟི་བཅས་ལ་སོང་ནས། འཁོར་ཁང་དང་ཐོན་སྐྱེད་གནས་ཚུལ་ལ་བལྟས་ནས་རྒྱུས་ལོན་གསལ་བོ་བྱས་པ་དང་། ས་དེས་ཁྱད་ལྡན་དགེ་མཚན་ཐོན་རྫས་ལ་རྐང་བཙུགས་ཏེ། ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་ཇེ་མཐོར་བཏང་བ་དང་། ཐོན་ལས་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་བར་ཁས་ལེན་གང་ལེགས་བྱས།
ཁྲིན་ཀང་གིས་མཱོ་ཧི་རྔ་མོང་ར་བའི་དམར་པོའི་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་བེད་སྤྱོད་བྱ་བར་ཧ་ཅང་དོ་སྣང་དང་སེམས་ཁུར་བྱས་པ་དང་། ཡུལ་དངོས་ནས་འགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཚྭ་འདམ་གཞོང་ས་ཞིང་གསར་སྦོལ་སྡེ་ཚོགས་དང་མཚོ་ནུབ་ཁུལ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་བཅས་ཀྱི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། ཞིང་ཆེན་གྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་ཝང་ཏ་ནན། ཀྲུའུ་ཞང་ཧྥིན་བཅས་དང་མཉམ་དུ་མིག་སྔའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ཐད་ཐུག་པའི་དཀའ་ཁག་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ལ། རྔ་མོང་ར་བའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་ཇུས་གཞི་ལ་གྲོས་སྡུར་དང་ཞིབ་འཇུག་བྱས་པ་དང་། དུས་རིམ་རང་བཞིན་གྱི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། མཱོ་ཧི་རྔ་མོང་ར་བ་ནི་ལམ་གཉིས་ཀྱི་སྙིང་སྟོབས་ཀྱི་འབྱུང་གནས་གཙོ་བོའི་གྲས་ཀྱི་གཅིག་ཡིན་པ་དང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་བ་དང་མདོ་དབུས་གཞུང་ལམ་གསོ་སྐྲུན། ཚྭ་འདམ་གཞོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་ཐད་གནད་འགག་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་པ་དང་བྱས་རྗེས་གཟེངས་སུ་ཐོན་པ་བཞག་ལ། ང་ཚོས་བྱས་རྗེས་ཆེན་པོ་བཞག་པའི་རྔ་མོང་ལ་བརྟེན་ནས་སྐྱེལ་འདྲེན་གཉེར་བའི་བཟོ་པའི་སྔོན་རབས་པ་དང་ལས་གནས་བརྟན་སྲུང་བྱས་པའི་རྔ་མོང་ར་བའི་མི་དག་ལ་གུས་འདུད་ཞུས་པ་ཡིན། མཱོ་ཧི་རྔ་མོང་ར་བར་མཚོན་ནས་བཤད་ན་ཞིང་ཆེན་ཡོངས་ཀྱི་དམར་པོའི་རིག་གནས་ཐོན་ཁུངས་ཁྲོད་གོ་གནས་དང་ཁྱད་ཆོས། དགེ་མཚན། མདུན་ལྗོངས་བཅས་ཡོད་པས། ལོ་རྒྱུས་ལ་འགན་ཁུར་བ་དང་མི་དམངས་ལ་འགན་ཁུར་བའི་འགན་འཁྲིའི་འདུ་ཤེས་དང་། སྒུག་མི་རུང་བ་དང་འགོར་འགྱངས་བྱེད་མི་རུང་བ། དལ་མི་རུང་བའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། མྱུར་སྐྱོབ་རང་བཞིན་གྱི་རིག་དངོས་ཁྱབ་བཤེར་བྱ་བ་ཐེངས་གཅིག་མྱུར་དུ་སྤེལ་བ་དང་། ལོ་རྒྱུས་ཡིག་ཆ་དང་རིག་དངོས་སྡུད་རུབ་བྱེད་པ། དམར་པོའི་གཏམ་རྒྱུད་སྔོག་འདོན་ཟབ་མོ་དང་འགྲེལ་བཤད་གསལ་བོ་བྱེད་དགོས། སྒྲིག་གཞི་བཙུགས་ནས། ཕྱོགས་སོ་སོའི་སྟོབས་ཤུགས་དང་རྒྱུ་རྐྱེན་གཙོ་བོ་ལེགས་བསྡུས་ཟབ་འདྲེས་བྱེད་པ་དང་། གཏོང་སྤྲོད་དང་བཤུག་སྤྲོད། གཡར་སྤྱོད་སོགས་ཀྱི་རྣམ་པ་བརྒྱུད་དེ་དམར་པོའི་ཐོན་ཁུངས་ཀྱི་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་བ་བཟང་བོར་བསྒྲུབ་དགོས། རྐྱེན་སྲོལ་ཞིག་གྲུབ་པར་བྱས་ནས། ཞིང་ཆེན་རིམ་པས་འགོ་ཁྲིད་བྱེད་པ་དང་ཁུལ་རིམ་པས་བཀོད་འདོམས་བྱེད་པ། རྫོང་རིམ་པས་གཙོ་འགན་ཁུར་བའི་འགན་འཁྲི་མ་ལག་འཐུས་ཚང་དུ་གཏོང་དགོས། འཆར་གཞི་བཟོས་ཏེ། མཚོ་བོད་གཞུང་ལམ་གྱི་དམར་པོའི་རིག་གནས་སྲུང་སྐྱོབ་འཕེལ་རྒྱས་ཀྱི་འཆར་འགོད་སྒྲིག་བཟོ་བྱ་བ་སྤེལ་དགོས། མ་དངུལ་གྲབས་གསོག་བྱས་ནས། དམར་པོའི་ཐོན་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་དགོས། བཞུགས་མོལ་ཚོགས་འདུ་ཐེངས་གཅིག་བསྡུས་ཏེ། ལམ་གཉིས་འཛུགས་སྐྲུན་བྱས་ཤིང་རླངས་འཁོར་བཏང་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་དགོས། དམར་པོའི་ཡུལ་སྐོར་གྱི་ལམ་ཐིག་གསར་གཏོད་བྱས་ནས། ལམ་གཉིས་ཀྱི་སྙིང་སྟོབས་བརྒྱུད་སྒྲོག་རྒྱ་ཆེར་བྱེད་པ་དང་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་དམར་པོའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་འཕེལ་རྒྱས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ་དང་། དམར་པོའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注