ཞི་ཅིན་ཕིང་གིས་ནོར་ཝེའི་དབུ་བཞུགས་བློན་ཆེན་སི་ཐི་ལེ་ལ་ཐུག་འཕྲད་གནང་བ།
ཟླ9ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བའི་ནོར་ཝེའི་དབུ་བཞུགས་བློན་ཆེན་སི་ཐེ་ལེ་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་སི་ཐེ་ལེ་ལ་རྒྱལ་པོ་ཧཱ་ལཱ་ཨར་སྐུ་ཕྲེང་ལྔ་པར་འཚམས་འདྲི་གནང་བ་བརྒྱུད་སྒྲོག་གནང་རོགས་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ནོར་ཝེའི་བར་འབྲེལ་བ་བཙུགས་ནས་ལོ་ངོ70ཡི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་དཔེ་ལྟ། ཕན་ཚུན་སློབ་སྦྱོང་བཅས་བྱས་ཏེ། མཛའ་བརྩེ་ཟབ་མོ་ཆགས་ཡོད། ཀྲུང་གོ་དང་ནོར་ཝེའི་བར་གྱི་མཛའ་མཐུན་མཉམ་ལས་སྔར་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འདོད་བློ་དང་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། འཛམ་གླིང་གི་རྒྱལ་ཁབ་སོ་སོས་སྔར་ལས་འབྲེལ་འདྲིས་དམ་ཟབ་དང་བདེ་སྡུག་མཉམ་མྱོང་བྱེད་པའི་འཕེལ་ཕྱོགས་ཆེན་པོ་དང་ཡང་མཐུན། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདམ་ག་ཡང་དག་བྱེད་ཐུབ་མིན་ལ་ཉམས་སད་ཆེན་པོ་ཐེབས་ཡོད། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་མུ་མཐུད་དུ་བསྐྱོད་པ་དང་། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ ཅན་ལ་སྐུལ་འདེད་གཏོང་བར་བརྟེན་ནས་ཟང་ཟིང་དང་རྙོག་འཛིང་ཆེ་བའི་འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་ངེས་གཏན་རང་བཞིན་ལྡན་པར་བྱས་ཏེ། རྒྱལ་ཁབ་སོ་སོ་མཉམ་དུ་འཕེལ་རྒྱས་འགྲོ་བར་གོ་སྐབས་སྔར་ལས་མང་པོ་བསྐྲུན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ནོར་ཝེའི་བར་གྱི་མཛའ་མཐུན་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ནོར་ཝེའི་བར་ལ་འབྲེལ་བ་བཙུགས་ནས་ལོ་འཁོར70ལོན་པའི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ཚེ། མཛའ་མཐུན་དང་མཉམ་ལས་ནི་བརྗོད་བྱ་གཙོ་བོ་ཡིན་ལ། ལོ་རྒྱུས་ཀྱི་ཉམས་མྱོང་ལས་ང་ཚོར་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་སྲུང་འཛིན་བྱེད་དགོས་ན། ཆེས་གལ་ཆེ་བ་ནི་ཕན་ཚུན་བརྩི་འཇོག་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་རྒྱུན་འཁྱོངས་བྱེད་དགོས་པ་བསྟན་ཡོད་ལ། དེའི་ནང་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་བརྩི་འཇོག་དང་། ཕ་རོལ་པོའི་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བྱེད་པ་འདུས་ཡོད། ཀྲུང་གོ་དང་ནོར་ཝེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལ་གསབ་རེས་རང་བཞིན་ཆེ་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཕྱོགས་གཉིས་ཀྱིས་རང་ཉིད་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་དང་། ནུས་ཁུངས་ཕྱོགས་སྒྱུར། མཚོ་དོན་མཚོ་ཐོག་སྐྱེལ་འདྲེན། ཞིང་ལས་དང་ཉ་ལས་ཐོན་རྫས། གློག་སྒུལ་རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་སྐྱེད་པ་དང་། སློབ་གསོ་དང་། ཚན་རྩལ། རིག་གནས། ཡུལ་སྐོར། དགུན་དུས་ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། མི་སྣ་འགྲོ་འོང་དང་ལྷག་པར་དུ་ན་གཞོན་གྱི་བརྗེ་རེས་ཇེ་ཟབ་ཏུ་བཏང་ཆོག ཀྲུང་གོ་དང་ནོར་ཝེའི་བར་ལ་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ཐད་ཐུན་མོང་གི་ངོས་འཛིན་ཆེན་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེ་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་སྟེགས་བར་མཐུན་སྦྱོར་དང་མཉམ་ལས་བྱེད་པར་ཤུགས་བསྣན་ནས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད་ཅིང་། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་འདོན་པར་རེ་བ་བྱེད་བཞིན་ཡོད།
སི་ཐེ་ལེ་ཡིས་རྒྱལ་པོ་ཧཱ་ལཱ་ཨར་སྐུ་ཕྲེང་ལྔ་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་གནང་བ་བརྒྱུད་སྒྲོག་བྱས་ནས་བསྟན་དོན། ནོར་ཝེ་ནི་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པ་ཆེས་སྔ་ཤོས་ཀྱི་ཡོ་རོབ་བྱང་མའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ཞིང་། ནོ་ཝེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར70ལོན་པའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཡག་པོ་བྱུང་སྟེ། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་གི་རྣམ་པའི་ཐོག་ནས་གྲོས་མོལ་དང་མཉམ་ལས་བྱས་ཡོད། ནོར་ཝེ་ཡིས་ཀྲུང་གོའི་བདག་དབང་ལ་བརྩི་འཇོག་དང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་རྒྱུན་ འཁྱོངས་བྱས་ཏེ། མུ་མཐུད་དུ་ཕན་ཚུན་བར་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་ལ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་སློབ་སྦྱོང་། བརྗེ་རེས་དང་དཔྱད་གཞིར་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་བྱེད་འདོད་ཡོད། ཀྲུང་གོའི་འཕེལ་རྒྱས་ལ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་ཤིང་། སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པའི་ལེགས་འགྲུབ་ཉམས་མྱོང་མང་པོ་ཡོད། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྷག་པར་དུ་ལྗང་མདོག་འཕེལ་རྒྱས་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། མཚོ་དོན་མཚོ་ཐོག་སྐྱེལ་འདྲེན། ཞིང་ལས་དང་ཉ་ལས་ཐོན་རྫས། ནུས་ཁུངས་གསར་པའི་རླངས་འཁོར། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་རྒྱ་སྐྱེད་པར་རེ་སྒུག་བྱེད་བཞིན་ཡོད། ཀྲུང་གོས་དེང་སྐབས་འཛམ་གླིང་གི་མདུན་དུ་ལྷགས་པའི་འཛམ་གླིང་རང་བཞིན་གྱི་འགྲན་སློང་མང་པོ་ཐག་གཅོད་དང་། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ལ་ཁ་གཏད་འཇལ་བའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ནོར་ཝེ་ཡིས་རང་མོས་ཉོ་འཚོང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་ཉི་ཤུའི་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་གི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་བསྣན་ཏེ། ཡོ་རོབ་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད།
ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་ཀུན་གྱིས་དོ་སྣང་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཉམས་ཉེན་ཞི་བས་ཐག་གཅོད་པར་ཕན་པའི་འབད་བརྩོན་ཡོད་ཚད་ལ་སྐུལ་མ་དང་རྒྱབ་སྐྱོར་བྱེད་པ་དང་། ཝུའུ་ཁི་ལན་གྱི་ཉམས་ཉེན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན་ཞིང་། ཕྱོགས་སོ་སོས་གྲོས་མོལ་བརྒྱུད་ནས་མཉམ་དུ་ཉམས་ཉེན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པར་མཐུན་རྐྱེན་ལེགས་པོ་བསྐྲུན་པར་རེ་བ་བྱེད་བཞིན་ཡོད།
ཝང་དབྱི་ཐུག་འཕྲད་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注