ཚོགས་སྒྲིག་རྣམ་པའི་མཚོ་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་བསྡུས་པ།
ཉེ་ལམ། ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལས་དོན་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་ཟབ་མོ་བྱས་པ་དང་། ཚོགས་སྒྲིག་རྣམ་པའི་མཚོ་སྐྱོར་ལས་དོན་ཉམས་མྱོང་བྱེད་ཐབས་བརྗེ་རེས་བྱས་ཏེ། མགོ་རྩོམ་ས་གསར་པའི་ཐོག་ཞིང་ཆེན་ཡོངས་ཀྱི་ཚོགས་སྒྲིག་རྣམ་པའི་མཚོ་སྐྱོར་ལས་དོན་ལ་སྔར་ལས་འཕེལ་འགྲོས་ཆེན་མོ་ལེན་པར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་གསུང་བཤད་གནང་། ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་མཛད།
ཁྲེན་ཀང་གིས། ཁ་གཏད་མཚོ་སྐྱོར་ནི་ཏང་ཀྲུང་དབྱང་གིས་ཡུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་བཀོད་སྒྲིག་གནང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་གྱིས་ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་དང་གོམ་འགྲོས་མཉམ་པར་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པ། གཞན་གྱིས་ཚབ་བྱེད་མི་རུང་བའི་ནུས་པ་བཏོན་ཏེ། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་མེས་རྒྱལ་ཁྱིམ་གཞིས་ཆེན་པོའི་དྲོད་ཁོལ་དངོས་སུ་ཚོར་དུ་འཇུག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་ཆེན་པོ་དེ་རྒྱལ་ཁབ་ལ་དྲིན་གཟོ་བའི་ཕུགས་འདུན་དང་འབད་འཐབ་ཀྱི་སྟོབས་ཤུགས་སུ་སྒྱུར་བ་དང་། ཁ་གཏད་མཚོ་སྐྱོར་ལས་དོན་དེ་བྱ་གཞག་ཅིག་ཏུ་བརྩིས་ཏེ་འབད་འཐབ་ལྷོད་མེད་བྱེད་པ། དམངས་འདུན་དང་འཚམ་པ་དང་དམངས་འཚོར་ཕན་པ། དམངས་སེམས་དྲོ་བའི་དོན་དངོས་སྔར་ལས་མང་པོ་བསྒྲུབས་ཏེ། ཏང་ཀྲུང་དབྱང་གི་སྲིད་ཇུས་ལེགས་པོ་དེ་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་བཟང་པོར་ངེས་པ་དོན་གྱིས་འགྱུར་དུ་འཇུག་དགོས་ཞེས་བསྟན།
ཁྲེན་ཀང་གིས། ས་གནས་ཁག་གི་ལས་ཁུངས་སོ་སོས་ཁ་གཏད་མཚོ་སྐྱོར་ནི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པའི་ངེས་ཤེས་ཟབ་མོ་འདྲོངས་པ་དང་། གཙོ་གཞིའི་འགན་འཁྲི་དངོས་འབེབས་ལེགས་པོ་བྱེད་པ། སྲིད་ཇུས་འགན་སྲུང་ཇེ་དྲག་ཏུ་གཏོང་བ། གནད་དོན་གལ་ཆེན་དུས་ལྟར་ཞིབ་འཇུག་ཐག་གཅོད་བྱས་ཏེ། ལས་དོན་ལ་ཕན་འབྲས་དངོས་འབྱུང་བར་སྐུལ་འདེད་གཏོང་དགོས། མཚོ་སྐྱོར་ལས་བྱེད་འཇོན་མོར་བརྩི་བཀུར་རྒྱུས་ལོན་དང་སེམས་ཁུར་དངོས་བྱེད་པ་དང་། བརྗེ་རེས་དང་འབྲེལ་འདྲེས། གཏམ་གླེང་བཅས་མང་པོ་བྱེད་པ། ལས་དོན་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་ཁག་ཐག་གཅོད་པར་རོགས་རམ་བྱས་ཏེ། ལས་སྒྲུབ་ལས་གཏོད་ཀྱི་གར་སྟེགས་ཆེན་པོ་འཛུགས་དགོས། མཚོ་སྐྱོར་ལས་བྱེད་འཇོན་མོས་སྔོན་ཐོན་འདུ་ཤེས་དང་སྔོན་ཐོན་རྣམ་པ་མཚོ་སྔོན་གྱི་དངོས་ཡོད་དང་ཟུང་འབྲེལ་བྱེད་པ་དང་། བརྩེ་བ་རྣལ་མ་བཅངས་ནས་རོགས་སྐྱོར་བྱ་ཡུལ་གྱི་འཕེལ་རྒྱས་དང་མང་ཚོགས་ཀྱི་བདེ་སྐྱིད་སྒྲུབ་པ། མཚོ་སྔོན་གྱི་ལས་བྱེད་པ་ཁྲིད་ནས་འདུ་ཤེས་སྒྱུར་བ་དང་ནུས་པ་འདེགས་པ། ཐོབ་པར་དཀའ་བའི་མི་ཚེའི་བརྒྱུད་རིམ་ཁྲོད་སྔར་ལས་ལེགས་པའི་རང་ཉིད་འགྲུབ་པར་བྱེད་པ། མཚོ་སྔོན་རྟོགས་པ་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་སྤེལ་གཏོང་བ། བརྩེ་བ་དང་ཁག་ཁུར། བྱས་རྗེས་བཅས་གླེང་བ། མཚོ་སྔོན་གྱི་མི་ལེགས་པོ་བྱེད་པ་དང་། མཚོ་སྔོན་གྱི་ལས་དོན་ལེགས་པར་སྒྲུབ་པ། མཚོ་སྔོན་གྱི་ལས་འབྲེལ་ལེགས་པར་བཙུགས་ཏེ། མཉམ་དུ་མཚོ་སྔོན་འཛུགས་སྐྲུན་ལེགས་པོ་བྱེད་པའི་རེ་བ་ཡོད་ཅེས་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་གནང་སྐབས། ས་གནས་ཁག་གི་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ་དང་། ཁ་གཏད་མཚོ་སྐྱོར་བྱ་གཞག་ལེགས་པར་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངེས་ཤེས་ཟབ་མོ་འདྲོངས་པར་བྱས་ཏེ། སྨན་བཅོས་དང་སློབ་གསོ། ཚན་རྩལ་བཅས་ཚོགས་སྒྲིག་རྣམ་པའི་མཚོ་སྐྱོར་ལས་དོན་ཁག་བློ་བརྟན་འགྱུར་མེད་ཀྱིས་ལེགས་པར་འཛིན་དགོས། ཚོགས་སྒྲིག་རྣམ་པའི་མཚོ་སྐྱོར་འཆར་འགོད་མ་ལག་སྔར་ལས་ལེགས་པར་འཐུས་ཚང་དུ་གཏོང་བ་དང་། རོགས་སྐྱོར་ལས་གཞི་ལུགས་དང་མཐུན་པར་གཏན་ལ་འཁེལ་བ། མཚོ་སྐྱོར་ལས་བྱེད་འཇོན་མིའི་ས་བོན་ལྟ་བུའི་ནུས་པ་འདོན་པར་མཐོང་ཆེན་བྱས་ཏེ། ཁྲག་བཟོའི་བྱེད་ནུས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ་དང་ནང་སྐྱེད་སྒུལ་ནུས་མུ་མཐུད་དུ་སློང་དགོས། སྔར་ལས་བློ་ཞོབ་མོ་དང་བརྩེ་བ་ཟབ་མོས་མཚོ་སྐྱོར་ལས་བྱེད་འཇོན་མིར་སེམས་ཁུར་བྱེད་པ་དང་། མཚོ་སྐྱོར་ལས་བྱེད་འཇོན་མི་རུ་ཁག་ལ་ལས་སྒྲུབ་འཚོ་བའི་ཁོར་ཡུག་ལེགས་པོ་ངེས་པ་དོན་གྱིས་བསྐྲུན་ཏེ། མཚོ་སྐྱོར་ལས་བྱེད་འཇོན་མིའི་བློ་རིག་འཇོན་ནུས་དང་ནུས་པ་གལ་ཆེན་ཆེས་ཆེར་འདོན་དུ་འཇུག་དགོས་ཞེས་བསྟན།
ཚོགས་ཐོག་ནས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་འབྲེལ་ཡོད་དགོངས་དོན་བརྒྱུད་སྒྲོག་བྱས། མཚོ་སྐྱོར་ལས་བྱེད་འཇོན་མི་སྤྱིའི་རུ་ཁག་ལྔ་པའི་མགོ་གཙོས་ཚོགས་སྒྲིག་རྣམ་པའི་མཚོ་སྐྱོར་ལས་དོན་གྱི་འཕེལ་འགྲོས་གནས་ཚུལ་སྙན་སེང་ཞུས། མཚོ་སྐྱོར་ལས་བྱེད་འཇོན་མི་དང་རོགས་སྐྱོར་ཐོན་ཡུལ་གྱི་ཁུལ། ཞིང་ཆེན་ཐད་གཏོགས་འགན་ནུས་སྡེ་ཁག་གི་འཐུས་མིས་གཏམ་བཤད། ས་ཁུལ་གཞན་པའི་སྡེ་ཁག་གིས་ཡིག་ཐོག་བརྗེ་རེས་སྤེལ།
ཞིང་ཆེན་གྱི་མགོ་ཁྲིད་ཚེ་རིང་ཐར་དང་ལུའེ་ཀང་། དབྱང་ཀྲི་ཝུན་བཅས་ཚོགས་འདུར་ཞུགས། ཞིང་ཆེན་ལས་བྱེད་འཇོན་མིའི་ཚོགས་སྒྲིག་རྣམ་པའི་མཚོ་སྐྱོར་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་མཚོ་སྐྱོར་ཚོགས་པའི་མགོ་གཙོ། ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ཐོན་ཡུལ་གྱི་ཁུལ་དང་རྫོང་གི་ཏང་ཨུའམ་སྲིད་གཞུང་གི་འགན་འཁུར་བློ་མཐུན། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱི་ཏང་ཨུའི་རྩ་འཛུགས་པུའུ་ཡི་འགན་འཁུར་བློ་མཐུན། ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ཐོབ་ཡུལ་ལས་ཁུངས་ཀྱི་འཐུས་མི་བཅས་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注