ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ7པའི་ཚེས30ཉིན་གྱི་ཕྱི་དྲོར། དེང་རབས་མཐའ་མཚོ་མཁའ་སྲུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་ཐད་ནས་ཐུན་མོང་སློབ་སྦྱོང་ཐེངས་བཅུ་དྲུག་པ་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་མགོ་འཛིན་གནང་སྐབས་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། དེང་རབས་ཀྱི་མཐའ་མཚོ་མཁའ་སྲུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ནི། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་ནང་གནས་བླང་བྱ་དང་། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པའི་དགོས་ངེས་ཀྱི་བྱ་སྤྱོད་ཅིག་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་དང་དམག་དོན་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་རྐང་ཚུགས་པར་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། མཐའ་མཚོ་མཁའ་སྲུང་གི་གནས་ཚུལ་གསར་པ་དང་ཁྱད་ཆོས་གསར་པ། བླང་བྱ་གསར་པ་བཅས་ཁོང་དུ་ཆུད་པར་བྱེད་པ། ལས་འགན་འཁུར་ཤུགས་སྔར་ལས་ཆེ་རུ་གཏོང་བ། བསམ་བཀོད་དང་བྱེད་ཐབས་གསར་གཏོད་བྱེད་པ། ལས་དོན་དོན་འཁྱོལ་དམ་འཛིན་ནན་མོ་བཅས་བྱས་ནས། སྟོབས་དང་ལྡན་ཞིང་བརྟན་བརླིང་གི་དེང་རབས་མཐའ་མཚོ་མཁའ་སྲུང་འཛུགས་སྐྲུན་འབད་པས་བསྒྲུབ་དགོས།
ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་དེ་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་སྔ་ཉིན་དུ་འཚོགས། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན།དམངས་དམག་གྲ་སྒྲིག་དམག་མི་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས།
ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་མཉམ་འབྲེལ་ཇུས་འདོན་པུའུ་ཡི་བློ་མཐུན་ཧུང་ཅི་ཀྲུང་གིས་དེང་རབས་ཀྱི་མཐའ་མཚོ་མཁའ་སྲུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནད་དོན་སྐོར་ནས་འགྲེལ་བཤད་བྱས་ཏེ་བྱ་བའི་གྲོས་འགོ་ཡང་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་སྒོས་ཉན་རྗེས་གྲོས་སྡུར་ཡང་བྱས།
ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་སྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། མཐའ་མཚོ་མཁའ་སྲུང་ནི་རྒྱལ་ཁབ་བདག་དབང་གི་མཚོན་རྟགས་གལ་ཆེན་དང་རྒྱལ་ཁབ་བདེ་འཇགས་ཀྱི་སྒོ་མོ་གལ་ཆེན། རྒྱལ་ཁབ་འཕེལ་རྒྱས་ཀྱི་འགན་ལེན་གལ་ཆེན་བཅས་ཡིན་པས། ང་ཚོའི་ཏང་གིས་སྔོན་ཆད་ནས་བཟུང་མཐོང་ཆེན་གང་ལེགས་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་མཐའ་མཚོ་མཁའ་སྲུང་འཛུགས་སྐྲུན་དེ་རྒྱལ་སྐྱོང་སྲིད་སྐྱོང་གི་གོ་གནས་གལ་ཆེན་སྟེང་འཇོག་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཏང་སྲིད་དམག་དང་ཉེན་རྟོག་པ། མི་དམངས་བཅས་ཀྱིས་མཉམ་དུ་མཐའ་སྲུང་སྟོབས་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་བསྣན་པ་དང་། མཐའ་མཚོ་མཁའ་སྲུང་གི་འགོ་ཁྲིད་དོ་དམ་སྒྲིག་སྲོལ་དང་སྟོབས་ཤུགས་གྲུབ་ཆ། སྲིད་ཇུས་ལམ་ལུགས་སོགས་ཀྱི་བཅོས་སྒྱུར་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱེད་པར་འགོ་ཁྲིད་བྱས་ལ། མཐའ་མཚོ་མཁའ་སྲུང་གི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤེལ་བར་བཀོད་འདོམས་བྱས་པའི་དབང་གིས། རང་རྒྱལ་གྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་འཐབ་ཇུས་ཀྱི་རང་འགུལ་རང་བཞིན་ལ་སྲུང་སྐྱོང་གང་ལེགས་བྱས་ཡོད་པར་མ་ཟད། རང་རྒྱལ་གྱི་མཐའ་མཚོ་མཁའ་སྲུང་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་ཀྱི་གྲུབ་འབྲས་ཐོབ་ནས་འགོ་འཛུགས་ས་གསར་པའི་སྟེང་ལངས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་པ་དང་། རང་རྒྱལ་གྱི་མཐའ་མཚོ་དང་མཁའ་སྲུང་གི་ནང་དོན་དང་ཁྱབ་བྱེད་ལ་དེ་དང་བསྟུན་ནས་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ལ། ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་སྔར་ལས་རྙོག་འཛིང་ཅན་དུ་འགྲོ་བཞིན་ཡོད་པས། མཐའ་མཚོ་དང་མཁའ་སྲུང་འཛུགས་སྐྲུན་དེ་གོ་སྐབས་དང་འགྲན་རྩོད་གསར་པར་འཕྲད་ཡོད། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་དང་ཁྱོན་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་སྲུང་སྐྱོང་མཐའ་སྲུང་གི་སྤྱི་ཡོངས་ཀྱི་ནུས་པ་མངོན་སུམ་ཆེ་རུ་གཏོང་དགོས། མཐའ་མཚོ་མཁའ་སྲུང་འཛུགས་སྐྲུན་དང་འབབ་རྒྱུད་མཚོ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་ཕན་ཚུན་འབྲེལ་མཐུད་དང་མཉམ་སྐྲུན་མཉམ་སྤྱོད་ལ་ཤུགས་བསྣན་ཏེ། བདེ་འཇགས་ལ་སྲུང་སྐྱོབ་ནུས་ལྡན་བྱེད་ཐུབ་ལ་འཕེལ་རྒྱས་ལའང་འདེགས་སྐྱོར་ནུས་ལྡན་བྱེད་ཐུབ་པའི་མཐའ་མཚོ་མཁའ་སྲུང་འཛུགས་སྐྲུན་གྱི་ཆགས་སྟངས་གྲུབ་པར་བྱེད་དགོས། ཚན་རྩལ་གྱི་ནུས་པ་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐའ་མཚོ་མཁའ་ཟོན་གྱི་བྱེད་ཐབས་གསར་པ་དང་ཆ་རྐྱེན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མཐའ་མཚོ་མཁའ་ཟོན་གྱི་ལངས་གཟུགས་རིག་ནུས་དོ་དམ་ཚོད་འཛིན་མ་ལག་འཛུགས་དགོས། འབྲེལ་ཡོད་རྒྱལ་ཁབ་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་དང་དངོས་སྒྲུབ་མཉམ་ལས་ཇེ་དམ་དུ་བཏང་ནས། མཐའ་མཚམས་དང་མཚོ་ཐོག་མཁའ་སྲུང་འཛུགས་སྐྲུན་བྱེད་པར་མཐའ་འཁོར་གྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་ནན་ཏན་བྱས་ཏེ། མཐའ་མཚོ་དང་མཁའ་སྲུང་གི་གནད་དོན་གལ་ཆེན་ལ་ཞིབ་འཇུག་ཟབ་མོ་བྱེད་རྒྱུ་དང་། སྔར་ཡོད་ཀྱི་བཅོས་སྒྱུར་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བ། གཏན་འཁེལ་བྱས་ཟིན་པའི་བཅོས་སྒྱུར་ལས་འགན་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ། རྗེས་མཐུད་བཅོས་སྒྱུར་འཆར་འགོད་ལ་ཤུགས་སྣོན་པ་བཅས་བྱས་ནས། མཐའ་མཚོ་དང་མཁའ་སྲུང་འཛུགས་སྐྲུན་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཕྱོགས་གཅིག་ནས་འཁོར་སྐྱོད་དང་ཕྱོགས་གཅིག་ནས་བཅོས་སྒྱུར། ཕྱོགས་གཅིག་ནས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། མཐའ་མཚམས་མཚོ་སྲུང་གི་འགོ་ཁྲིད་དོ་དམ་སྒྲིག་སྲོལ་ཇེ་ལེགས་སུ་གཏོང་བ་དང་། དམག་དཔུང་དང་ས་གནས་ལས་བརྒལ་བའི་མཐུན་སྦྱོར་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། འབྲེལ་ཡོད་ཁྲིམས་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། མཐའ་མཚམས་མཚོ་སྲུང་གི་ལས་དོན་ཁག་ཚད་ལྡན་ཡིན་ལ་གོ་རིམ་ལྡན་པ་དང་། བདེ་བླག་ཡིན་ལ་ནུས་པ་ཆེན་པོ་ཐོན་པར་འགན་ལེན་ཏན་ཏིག་བྱེད་པ། རྒྱལ་ཁབ་ཀྱི་མཁའ་ལམ་འགྲིམ་འགྲུལ་དོ་དམ་ལས་དོན་ཡག་པོ་བསྒྲུབས་ནས། དམའ་སའི་དཔལ་འབྱོར་བདེ་ཐང་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། མི་དམངས་མཁའ་ཟོན་འཛུགས་སྐྲུན་བྱེད་སྟངས་སྔར་ལས་ཇེ་ལེགས་སུ་བཏང་ནས། དེང་རབས་ཀྱི་མི་དམངས་མཁའ་ཟོན་མ་ལག་འཛུགས་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཐའ་མཚོ་མཁའ་སྲུང་དེ་དམག་དཔུང་དང་ས་གནས་ཀྱི་སྡེ་ཁག་མང་པོ་དང་རིམ་པ་མང་པོ་དང་འབྲེལ་བ་ཡོད་པས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཏང་སྲིད་དམག་མི་དང་ཉེན་རྟོག་པ། མི་དམངས་བཅས་ཀྱིས་མཉམ་དུ་མཐའ་མཚམས་སྟོབས་ལྡན་དུ་གཏོང་བའི་ལེགས་ཆ་འདོན་སྤེལ་བྱེད་པ། མཐའ་མཚོ་མཁའ་སྲུང་འཛུགས་སྐྲུན་གྱི་དམག་དཔུང་དང་ས་གནས་ཀྱི་འཆར་འགོད་སྦྲེལ་མཐུད་དང་ལས་འགན་སྦྲེལ་མཐུད། ཐོན་ཁུངས་གཅིག་གྱུར་འཆར་འགོད་བཅས་ལ་ཤུགས་སྣོན་པ། དམག་དཔུང་དང་ཉེན་རྟོག་པ། མི་དམངས་བཅས་ཀྱི་མཉམ་འབྲེལ་འགོག་སྲུང་བཀོད་འདོམས་དང་བྱ་སྤྱོད་མཐུན་སྦྱོར་ལ་ཤུགས་སྣོན་དགོས། དམག་དཔུང་གིས་ཧུར་བརྩོན་དང་རང་འགུལ་ངང་ས་གནས་དང་འབྲེལ་གཏུག་མཐུན་སྦྱོར་ཡག་པོ་བྱེད་དགོས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། ས་གནས་ཏང་ཨུ་དང་སྲིད་གཞུང་བཅས་ཀྱིས་རྒྱལ་སྲུང་གི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ལ། འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་དང་འགན་འཁྲི་གཙང་སྒྲུབ་བྱས་ཏེ། རྒྱལ་སྲུང་འཛུགས་སྐྲུན་དང་སྲ་བརྟན་དུ་གཏོང་བའི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注