ཞི་ཅིན་ཕིང་ནས་འབྲུབ་འགོག་ཐད་ཀྱི་གྲོས་ཚོཊ་འདི་གཙོ་སྐྱོང་གནང་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ7པའི་ཚེས25ཉིན་ཚོགས་འདུ་འཚོགས་ནས་འབྲུབ་འགོག་གནོད་སེལ་ལས་དོན་ཐད་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ཡོད།

ཚོགས་འདུའི་ཐོག ད་ལོ་རང་རྒྱལ་གྱི་ལོའི་གནམ་གཤིས་གནས་ཚུལ་ཅུང་ཞན་ཙམ་ཡོད་དེ། དྲག་ཆར་འབབ་པའི་བརྒྱུད་རིམ་མང་བ་དང་དུས་ཡུན་རིང་བ། གཙང་པོ་དང་ཆུ་བོར་ཆུ་ལོག་ཐོན་སྔ་ཞིང་ཤུགས་དྲག་ཆེ་བ། ས་ཆ་ཁག་གཅིག་ལ་དྲག་ཆར་གྱི་ཕོག་ཐུག་ཡང་སེ་ཕོག་པ་སོགས་འབྲུབ་འགོག་གི་དུས་བབ་ཛ་དྲག་ཅིང་རྙོག་འཛིང་ཆེན་པོ་ཡོད།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་པ་དང་། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འབྲེལ་ཡོད་སྡེ་ཁག་དང་ཚན་པ་ཁག་གིས་འགན་འཁྲི་གཙང་སྒྲུབ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་རོགས་ལས་བྱེད་པ། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་སྡེ། དེ་བཞིན་རིགས་ཁག་གི་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་བཅས་ཀྱིས་བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་བ་དང་འཐབ་ས་དང་པོར་གདོང་མཆོང་བྱས་ཤིང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་ཀུན་སེམས་གཅིག་སྒྲིལ་གྱིས་ཁྱིམ་གཞིས་སྲུང་སྐྱོབ་བྱེད་པའི་སྲ་ཞིང་བརྟན་པའི་འགོག་སྲུང་བསྐྲུན་ཡོད་པས། འབྲུབ་འགོག་གནོད་སེལ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅེས་བསྟན་ཡོད། 

ཚོགས་འདུའི་ཐོག མིག་སྔར་རང་རྒྱལ་ནི“བདུན་སྨད་བརྒྱད་སྟོད”ཀྱི་འབྲུབ་འགོག་གི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པ་དང་། འབྲི་ཆུ་སོགས་འབབ་རྒྱུད་ཀྱི་འབྲུབ་ཆུ་རྒྱས་ཆེ་ཤོས་འགོག་པ་དང་། རགས་ཁ་མི་ཤོར་བ་བྱེད་པ།   འཁྱིལ་ཆུའི་གནོད་འཚེ་རིམ་བཤེར་བཅས་ཀྱི་གནོན་ཤུགས་ཆུང་དུ་ཕྱིན་མེད་ཅིང་། རྨ་ཆུ་དང་། ཧོའེ་ཧོ་གཙང་པོ། ཧའེ་ཧོ་གཙང་པོ། སུང་ལིའོ་གཙང་པོ་བཅས་ཀྱི་འབབ་རྒྱུད་དུ་འབྲུབ་ཆུ་རྒྱས་པའི་གནས་ཚུལ་ཚབས་ཆེན་ཐོན་ཉེན་ཡོད་པ། དེའི་ཐོག་རྒྱ་མཚོའི་རླུང་འཚུབ་ལྡང་ཆེ་བའི་དུས་མཚམས་སུ་སླེབས་པས། འབྲུབ་འགོག་གི་དུས་བབ་སྔར་བས་ཛ་དྲག་ཅིང་རྙོག་འཛིང་ཆེ་རུ་ཕྱིན་ཡོད། འབྲེལ་ཡོད་ས་ཁུལ་དང་། སྡེ་ཁག ཚན་པ་བཅས་ཁག་གིས་ཐོག་མཐའ་བར་གསུམ་དུ་འབྲུབ་འགོག་གི་ལས་དོན་ལ་དམ་པོར་དམིགས་ཏེ། ལས་ཀའི་རང་འགུལ་དབང་ཆ་དམ་འཛིན་བྱས་ནས། འབྲུབ་འགོག་གནོད་སེལ་གྱི་དམག་འཐབ་དྲག་པོ་དེར་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་ཞེས་ནན་སྟོན་བྱས་ཡོད། 

ཚོགས་འདུའི་ཐོག མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ཐོག ལྟ་ཞིབ་ཚད་ལེན་བྱ་ཐབས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། སྔོན་ཚུད་ཉེན་བརྡ་གནད་ལ་འཁེལ་ཚད་ཆེ་རུ་གཏོང་བ། སྔོན་ཚུད་ཉེན་བརྡ་དང་འཕྲལ་སྒྲུབ་ལན་ཆ་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། ལན་ཆ་བྱེད་པའི་མྱུར་ཚད་མགྱོགས་སུ་གཏོང་བ། འགོག་སྲུང་གི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། གཞི་རིམ་གྱི་མཐའ་སྣེར་དམ་འཛིན་བཅས་བྱས་ནས། ཉེན་ཁའི་ཁུལ་གྱི་མང་ཚོགས་སྔ་སྣུར་དུ་འཕྲལ་ཐག་ཆོད་པོས་གནས་སྤོ་བྱས་ཏེ་མི་སྣ་འཆི་རྨས་བྱུང་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ཆུ་རགས་དང་ཆུ་མཛོད་གལ་ཆེན་དང་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་པ་དང་། འབྲུབ་འགོག་སྐོར་ཞིབ་འགོག་སྲུང་ལམ་ལུགས་དོན་འཁྱོལ་བྱེད་པ། ཆུ་རགས་ཉམས་ཞན་ཁུལ་དང་། ཉེན་ཆེའི་བཟོ་སྐྲུན་དང་ཉེན་ཆེའི་དུམ་བུ། སྐྱོན་ལྡན་ཉེན་ཆེའི་ཆུ་མཛོད་བཅས་ལ་གཙོ་གནད་ཐོག་འགོག་སྲུང་བྱ་རྒྱུ་མངོན་གསལ་དོད་དུ་གཏོང་བ། ཉེན་ཁ་ཞིབ་བཤེར་དང་ཉེན་སེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གཙང་པོ་དང་ཆུ་བོ་ཆེན་པོའི་རགས་ཁ་མི་ཤོར་བ་བྱེད་པ་དང་། ཆུ་མཛོད་ཆེ་གྲས་དང་གཙོ་གནད་ཀྱི་ཆུ་རགས་འབྲིང་གྲས་ཀྱི་རགས་ཁ་མི་ཤོར་བ་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་ལོག་སྔོན་འགོག་གི་ལས་གྲྭ་བཀོད་སྒྲིག་བྱེད་པ་དང་། ཆུ་ལོག་གསོག་ཁུལ་བེད་སྤྱོད་བྱེད་པའི་གྲ་སྒྲིག་ཞིབ་ཕྲ་བྱེད་དགོས། ལྷོ་ཆུ་བྱང་འདྲེན་དང་། ནུབ་རླངས་ཤར་འདྲེན། གཞུང་ལམ་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་། དེ་བཞིན་གྲོང་ཁྱེར་གྱི་ས་འོག་བར་སྟོང་དང་། ཟམ་པ་དང་ཆུ་འགྲོ ཕུག་ལམ་སོགས་གཙོ་གནད་ཀྱི་ས་ཆར་དམིགས་ཏེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་སྔར་ལས་ལྷག་པ་བྱེད་པ་དང་། འཕྲལ་སྒྲུབ་བྱེད་ཐབས་དོན་འཁྱོལ་བྱས་ནས། འཁོར་སྐྱོད་བདེ་འཇགས་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་གེགས་སེལ་བྱས་ཏེ། གཅིག་གྱུར་བཀོད་སྒྲིག་དང་སྔོན་ལ་བཀོད་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། མེ་ཟོན། ཀྲུང་དབྱང་ཁེ་ལས་སོགས་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འཕྲལ་སྒྲུབ་ཀྱི་རྣམ་པ་རྒྱུན་འཁྱོངས་དང་། གཅིག་གྱུར་བཀོད་གཏོང་ལ་ཉན་ནས་འཕྲལ་མར་ཐོན་ཐུབ་པ་དང་ནུས་ཆེའི་རོགས་སྐྱོབ་བྱེད་ཐུབ་པའི་འགན་ལེན་བྱེད་དགོས། དུས་ཐོག་ཏུ་གནོད་སེལ་མ་དངུལ་གཤམ་སྤྲོད་དང་གནོད་སེལ་དངོས་ཟོག་གཏོང་འདྲེན་བྱེད་པ། འགན་བཅོལ་གུན་འཇལ་མགྱོགས་སུ་གཏོང་བ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། མང་ཚོགས་ཀྱིས་སྨན་པ་བསྟེན་པ་དང་སློབ་མ་སློབ་འགོ་ཚུགས་པ་སོགས་ཀྱི་དགོས་མཁོ་འགན་སྲུང་ཡག་པོ་བྱེད་དགོས། ཆུ་བེད་དང་། གློག་ཤུགས། འགྲིམ་འགྲུལ། འཕྲིན་གཏོང་སོགས་ཀྱི་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་བྱ་རྒྱུར་དམ་འཛིན་བྱེད་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་སྒྲིག་འཛུགས་དང་སྣེ་ཁྲིད་བྱས་ནས་ཐོན་སྐྱེད་སླར་གསོ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་དགོས། ཞིང་ལས་ཀྱི་གནོད་འགོག་གནོད་སེལ་ལས་དོན་ཏན་ཏིག་སྤེལ་ཐོག ཞིང་ལས་ཀྱི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱ་དགོས། གནོད་འཚེ་ཕོག་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་ཁུར་དང་རོགས་རམ་བྱས་ཏེ། གནོད་འཚེ་ཕོག་པའི་དབང་གིས་དབུལ་ཕོངས་སུ་གྱུར་བ་དང་ཡང་ན་དབུལ་ལོག་ཐེབས་རྒྱུ་བཀག་འགོག་བྱེད་དགོས། འཕྲལ་སྒྲུབ་འགན་སྲུང་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་ཕྱིར་འབུད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཉེན་ཁ་ཆེ་བའི་ཆུ་མཛོད་དང་། ཆུ་བོ་འབྲིང་ཆུང་གི་ཆུ་རགས། ཆུ་ལོག་གསོག་འཇོག་ཁུལ་སོགས་ཆུ་ལོག་སྔོན་འགོག་ལས་གྲྭ་དང་ཞིང་ཁའི་འཁྱིལ་ཆུ་ཕྱིར་འབུད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁ་ཡོངས་བཤེར་གྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་པ། གཞི་རིམ་གྱི་འཕྲལ་སྒྲུབ་རྨང་གཞི་དང་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་ཕྱོགས་བསྡུས་གནོད་སེལ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།

ཚོགས་འདུའི་ཐོག རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཅིག་གི་བདེ་འཇགས་ལ་འགན་ལེན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་གཅིག་གྱུར་འཆར་འགོད་ངང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་འཐབ་ས་མདུན་མར་བཀོད་འདོམས་བྱེད་པ། འབྲེལ་ཡོད་ཕྱོགས་ཁག་གིས་གཞོགས་འདེགས་དམ་ཟབ་བྱེད་པ་བཅས་བྱས་ནས། མཉམ་ཤུགས་གཅིག་འདུས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འཐབ་འཛིང་གི་བཙན་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག འབྲུབ་འགོག་གནོད་སེལ་གྱི་འཐབ་ས་དང་པོར་དཔའ་ངར་ཆེན་པོས་སྔོན་ལ་བསྐྱོད་པ་དང་འགན་འཁྲི་ཕྲག་ཏུ་འཁུར་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号