ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་གི་སློབ་མར་འཕྲིན་ལན་བསྐུར་ནས་ལོ་འཁོར་གཅིག་ལོན་པའི་མཉམ་སྤྱོད་ཚོགས་འདུ་ཞང་ཀང་དུ་བསྡུས་པ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་གི་སློབ་མར་འཕྲིན་ལན་བསྐུར་ནས་ལོ་འཁོར་གཅིག་ལོན་པའི་མཉམ་སྤྱོད་ཚོགས་འདུ་ཚེས20ཉིན་ཞང་ཀང་དུ་བསྡུས་ཤིང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་། ཀྲུང་དབྱང་སྲིད་གཞུང་ཞང་ཀང་བཅའ་སྡོད་འབྲེལ་གཏུགས་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲིན་ཡན་ཞུང་། ཞང་ཀང་གི་སློབ་གསོ་ཚོགས་པ་གཙ་བོ་དང་གཞོན་ནུའི་ཚོགས་པའི་འགན་འཁུར་མི་སྣ། དེ་མིན་དགེ་སློབ་དང་ཁྱིམ་བདག400ལྷག་བྱ་འགུལ་ལ་ཞུགས།

ལི་ཅ་ཁྲའོ་ཡིས་བྱ་འགུལ་སྟེང་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ན་ནིང་ཟླ7པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་གི་སློབ་མར་འཕྲིན་ལན་སྤྲིངས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་གི་སློབ་མར་ཐུགས་ཁུར་དང་སྐུལ་ལྕག་གནང་བ་མཚོན་པ་དང་། ཞང་ཀང་གི་རྒྱལ་གཅེས་སློབ་གསོའི་ཐད་འབད་བརྩོན་གནང་བར་ཁས་ལེན་བྱས་པ་དེ་ནི་ཞང་ཀང་ཡོངས་ཀྱི་སློབ་གྲྭར་སྐུལ་ལྕག་གནང་བ་ཞིག་རེད། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སློབ་གསོའི་ལས་རིགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་དགོངས་དོན་དོན་འཁྱོལ་ཧུར་ཐག་བྱས་ཏེ། སློབ་གྲོགས་ཚོའི“རྒྱལ་གཅེས་ཀྱི་བསམ་པ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན”བཙུགས་ནས། སློབ་མ་ཚོས་ཟུར་ཚད་མང་པོའི་ཐོག་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་གྲུབ་འབྲས་གསར་བ་དངོས་སུ་རོལ་མྱོང་བྱེད་དུ་བཅུག་སྟེ། ཁོ་ཚོར་དཔེ་ཆ་ཁྲི་ཕྲག་ཀློག་ཐུབ་ན། སྨྱུ་གུའི་རྩེ་ནས་སྙན་རྩོམ་ཐོན་པ་ཟུང་འབྲེལ་བྱས་ཏེ་ན་གཞོན་མི་རབས་ཀྱི་རྒྱལ་གཅེས་ཀྱི་བརྩེ་སེམས་གསོ་སྐྱོང་བྱེད་དགོས་ཟེར།

ལི་ཅ་ཁྲའོ་ཡིས་བཤད་རྒྱུར།“ན་གཞོན་སྟོབས་ན་རྒྱལ་ཁབ་སྟོབས།” ན་གཞོན་ནི་ཞང་ཀང་གི་འབྱུང་འགྱུར་ཡིན། ཁོས་སློབ་མ་ཚོས་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཟབ་མོ་སེམས་སུ་བཅངས་ནས་མུ་མཐུད་གསར་གཏོད་རེ་སྙེག་བྱེད་པ་དང་། ཕུགས་འདུན་དོན་གཉེར་བྱེད་ཕོད་པ་རྒྱུན་འཁྱོངས་བཅས་བྱས་ཏེ། སློབ་སྦྱོང་དང་མི་ཚེའི་ལམ་བུའི་ཐོག་འབད་འབུངས་ཡར་བརྩོན་བྱས་ནས་འཚར་ལོངས་བྱུང་རྗེས་རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཟེར།

ཀྲིན་ཡན་ཞུང་གིས་བྱ་འགུལ་སྟེང་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་ལ་བརྩེ་སེམས་ཟབ་མོ་དང་དོན་སྙིང་ཟབ་མོ་ལྡན་ལ། ཡིག་འབྲུ་རེ་རེ་ལས་ཞང་ཀང་གི་ན་གཞོན་མི་རབས་ལ་བྱམས་བརྩེའི་ཐུགས་ཁུར་དང་རེ་སྒུག་ནན་མོ་བྱས་ནས། ཞང་ཀང་གིས་གཞོན་ནུ་ལོ་ཆུང་གསོ་སྐྱོང་དང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་སྐུལ་འདེད་སྔར་ལས་ལེགས་པོ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

ཀྲིན་ཡན་ཞུང་གིས་བཤད་རྒྱུར། འདས་ཟིན་པའི་ལོ་གཅིག་རིང་ཞང་ཀང་གི་ན་གཞོན་དང་སློབ་གསོའི་ཁྱབ་ཁོངས་སུ་དགའ་འོས་པའི་འགྱུར་ལྡོག་མང་པོ་བྱུང་ཡོད་དེ། རྒྱལ་གཅེས་དང་ཞང་ཀང་ལ་དགའ་བའི་ཚ་རླབས་འཕྱུར་ཞིང་། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་དང་འཛམ་གླིང་གི་མཐོང་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། སློབ་གསོ་རྒྱལ་སྤྱི་ཅན་དང་སྣ་མང་ཅན་གྱི་ཁྱད་ཆོས་རྒྱུན་ཆད་མེད་པར་མངོན་པ་བཅས་རེད། ཁོས་ཞང་ཀང་གི་ན་གཞོན་ལོ་ཆུང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞེས་པའི་ཞང་ཀང་གི་གཏམ་རྒྱུད་དང་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་དགོས་པ་དང་། འཇོན་ཐང་སྦྱོང་བརྡར་བྱ་རྒྱུ་དེ་ཕུགས་འདུན་དོན་གཉེར་དང་འཇོན་ཐང་ཅན་དུ་འགྱུར་བའི་རྨང་རྡོ་གལ་ཆེན་ཞིག་ཏུ་བརྩིས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་ལང་ཚོ་སྟོབས་ཤུགས་སུ་འབུལ་དགོས་ཟེར།

སློབ་མའི་མཉམ་སྤྱོད་ཀྱི་རིམ་པའི་ཁྲོད། ཞང་ཀང་ཕེ་ཆའོ་སློབ་འབྲིང་ནས་ཡོང་བའི་ལུའུ་ཡན་ཆི་ཡིས་བཤད་རྒྱུར། ན་ནིང་ཟླ7པའི་ཚེས24ཉིན། སློབ་གྲྭ་དེར་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་བས་སློབ་གྲོགས་ཚོ་དགའ་སྤྲོ་ཆེན་པོ་སྐྱེས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་གི་སློབ་མར་གཅེས་སྐྱོང་དང་རེ་སྒུག་བྱེད་པའི་ཚོར་སྣང་ཟབ་མོ་བྱུང་།

ཞང་ཀང་ཧེ་པེ་སྲང་ལམ་ཀོན་ལིས་སློབ་ཆུང་གི་ལོ་རིམ་བཞི་པའི་སློབ་མ་ལིག་ཅ་ཞིན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་གྱིས་ཞང་ཀང་ཡོངས་ཀྱི་སློབ་མར་སྐུལ་ལྕག་ཆེན་པོ་གནང་བ་དང་ང་ལ་སྤོབས་པ་ཆེན་པོ་སྐྱེས་བྱུང་། ན་ནིང་ཁོ་མོ་རྒྱལ་ཁབ་མི་སྡོད་མཁའ་སྐྱོད་འཕུར་གྲུའི་བཟོ་སྐྲུན་འཐུས་མི་ཚོགས་པས་ཞང་ཀང་དུ་འཚམས་འདྲིར་ཕེབས་པའི་བརྗེ་རེས་བྱ་འགུལ་ནང་ཞུགས་ནས་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་སྟོབས་ཆེན་བྱུང་བའི་ཚོར་སྣང་བྱུང་། རྗེས་ཕྱོགས་ཁོ་མོས་ཤེས་བྱ་གསར་པ་མུ་མཐུད་དུ་འཚོལ་ཞིབ་བྱ་རྒྱུ་དང་མ་འོངས་པར་རྒྱལ་ཁབ་ཀྱི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཟེར།

བྱ་འགུལ་ཏེ་ཞང་ཀང་གི་རབས་གསར་པའི་རིག་གནས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཉིན་དེར་ད་དུང་ཞང་ཀང་ན་གཞོན་ལོ་ཆུང་གི་འཇིག་རྟེན་འཕུར་སྐྱོད་གསར་གཏོད་འགྲན་བསྡུར་ཆེན་མོའི་བྱ་དགའ་སྟེར་བའི་མཛད་སྒོ་བསྡུས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号