དཀྲོག་གཏམ་འདི་ཐེར་འདོན་བྱས་འདུག
ཉེ་ཆར། ཀྲུང་གོར་བཅའ་སྡོད་ཡོ་རོབ་མནའ་འབྲེལ་གྱི་གཞུང་ཚབ་ཆེན་མོ་བ་ཐུའོ་ཡའོ་ཧའེ་ཡིས་ཡོ་རོབ་མནའ་འབྲེལ་གྱིས་ཟླ་བ་ཁ་ཤས་རིང་ཀྲུང་གོའི་གློག་སྒུལ་རླངས་འཁོར་ལ་སྒོ་ཁྲལ་མང་དུ་བསྡུ་བའི་གྱོད་གཞིའི་ཐད་ཀྲུང་གོ་དང་འབྲེལ་གཏུག་བྱ་རྒྱུའི་ཚོད་ལྟ་བྱས་མོད། འོན་ཀྱང་། ཀྲུང་གོས་ཉེ་དུས་ད་གཟོད་གྲོས་མོལ་བྱེད་འགོ་ཚུགས་པ་རེད་ཅེས་བཤད། ཚེས་8ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་དེའི་ཐད་འབྲེལ་ཡོད་གནས་འཕྲིན་སྤེལ་བར་ཀྲུང་གོ་ཕྱོགས་ནས་དོ་སྣང་བྱུང་། གོང་གི་གཏམ་བརྗོད་ནི་དོན་དངོས་དང་གཏན་ནས་མི་མཐུན་ཞེས་བཤད།
མགྲིན་ཚབ་པས་བཤད་དོན། 2023ལོའི་ཟླ་10པར་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་གློག་སྒུལ་རླངས་འཁོར་ལ་ཁ་གསབ་བྱེད་པར་རྒོལ་བའི་བརྟག་དཔྱད་བྱེད་འགོ་ཚུགས་ཚུན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་གནས་ཡུལ་བརྒྱུད་ངོ་རྒོལ་དྲག་པོ་བྱས་པ་མ་ཟད། ཀྲུང་གོ་དང་ཡོ་རོབ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྲུང་སྐྱོང་བྱེད་པའི་ཁྱོན་ཡོངས་ནས་འགོ་བཙུགས་ཏེ། ཡོ་རོབ་ཕྱོགས་ཀྱིས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་དཔལ་འབྱོར་ཚོང་དོན་གྱི་འགལ་བ་ཐག་གཅོད་འཚམ་པོར་བྱ་རྒྱུའི་སྐུལ་ལྕག་བྱས་ཡོད།
ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་བྱེད་ཐབས་དེ་གོ་ལ་ཧྲིལ་པོའི་གནོད་མེད་ཐོན་ལས་འཕེལ་རྒྱས་དང་རླངས་འཁོར་ཐོན་ལས་མཉམ་ལས་ལ་ཕན་ཐོགས་མེད། རྒྱལ་ཁབ་ཁག་གིས་སྐད་ཆ་ཤོད་རེས་དང་མཉམ་ལས་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་གནོད་མེད་རིམ་སྒྱུར་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ་ལས། རང་ཉེས་གཞན་འགེལ་བྱས་ནས་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་དཀྲུག་མི་རུང་བའི་ངོས་འཛིན་བྱེད་ཀྱི་ཡོད། དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དང་མཚོན་ཆ་ཅན་དུ་བསྒྱུར་བའི་ཕྱོགས་རྐྱང་པའི་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས་ཀྱི་བྱེད་སྟངས་རིགས་ལ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། སྒྲིག་སྲོལ་གང་བྱུང་དུ་སྤྱོད་པ་དང་ཀྲུང་གོར་གནོན་ཤུགས་སྤྲོད་པའི་བྱེད་སྤྱོད་ངན་པའི་རིགས་ལ། ཀྲུང་གོ་ཕྱོགས་ཀྱིས་བྱེད་ཐབས་མཐའ་དག་སྤྱད་དེ་རང་ངོས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་ངེས་ཡིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注