ལེའང་ཀྲེན་དབྱིན་གྱིས་ཤང་ཀང་གི་རྟོག་ཞིབ་ཚོགས་པ་ཁྲིད་དེ་མཚོ་སྔོན་དུ་རྟོག་ཞིབ་བྱས།
ཟླ7པའི་ཚེས8ནས་ཚེས9ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེའང་ཀྲེན་དབྱིན་གྱིས་ཤང་ཀང་གི་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་མཚོ་སྔོན་དུ་རྟོག་ཞིབ་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་མཚོ་སྔོན་དང་ཤང་ཀང་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་བཏང་བ་མ་ཟད། ཤང་ཀང་དུ་མཚོ་སྔོན་འོས་སྦྱོར་བྱེད་སྒོ་སྤེལ་རྒྱུའི་དུས་མགོའི་ལས་དོན་ལ་བརྟག་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེན་ཀྲང་ཝུའུ་ཞའོ་ཅུན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་འབྲེལ་ཡོད་བྱེད་སྒོར་ཞུགས།
རྟོག་ཞིབ་ཚོགས་པ་དང་བཅས་པ་སྔ་རྗེས་སུ་མཚོ་སྔོན་ཧྥུའུ་ཏི་གློག་རྫས་ཚད་ཡོད་ཀུང་སི་དང་། ཐེན་ཧོ་འོད་ནུས(མཚོ་སྔོན)བདར་སྭེལ་ཚད་ཡོད་ཀུང་སི། མཚོ་སྔོན་ལི་ཧའོ་འདྲེན་གཟུགས་ཕུང་གསུམ་ཚད་ཡོད་ཀུང་སི། མཚོ་སྔོན་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས། ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་སི། མཚོ་སྔོན་དབྱི་ན་ཝུའེ་ཁང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་ཞའོ་ཞི་ཉིའུ་འོ་ལས་མ་རྐང་ཚད་ཡོད་ཀུང་སི། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ས་མཐོའི་སྔོ་ཚལ་ཐོན་ལས་གླིང་། མཚོ་ཤར་རྨ་ཆུ་དང་ཙོང་ཆུ་ཁུལ་གསར་ཀྲུང་གོ་གློག་འཕྲིན(རྒྱལ་ཁབ)མཚོ་སྔོན་ལྗང་མདོག་གཞི་གྲངས་ཆེན་པོའི་ལྟེ་གནས་བཅས་སུ་རྟོག་ཞིབ་བྱས་ཏེ། ཁེ་ལས་ཀྱི་འགན་འཁུར་བ་དང་མཉམ་དུ་འཕེལ་རྒྱས་ཐད་ནས་བསམ་བློ་བརྗེ་རེས་བྱས་པ་མ་ཟད་ཁེ་ལས་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་གནད་ཐད་བསམ་འཆར་དང་གྲོས་གཞི་བཏོན།
ཚེས9ཉིན་གྱི་སྔ་དྲོར་འཚོགས་པའི་མཚོ་སྔོན་དང་ཤང་ཀང་གི་དཔལ་འབྱོར་ཚོང་དོན་མཉམ་ལས་བཞུགས་མོལ་ཚོགས་འདུའི་ཐོག རྟོག་ཞིབ་ཚོགས་པས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུ་དང་། མཚོ་སྔོན་དང་ཤང་ཀང་གི་དཔལ་འབྱོར་ཚོང་དོན་སྤེལ་རེས་ཀྱི་མཉམ་ལས་གནས་ཚུལ་ལ་ཉན། མཚོ་སྔོན་གྱི་ཁེ་ལས10ཡི་འཐུས་མིའི་འགན་འཁུར་པས་གཏམ་བཤད་པ་མ་ཟད་རྟོག་ཞིབ་ཚོགས་པའི་ཁོངས་མི་དང་བསམ་བློ་བརྗེ་རེས་བྱས།
ལེའང་ཀྲེན་དབྱིན་གྱིས་མཚོ་སྔོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཁོང་གིས་མཚོ་སྔོན་ལ་རིག་གནས་ཡུལ་སྐོར་དང་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་སོགས་ཀྱི་ཐད་དམིགས་བསལ་གྱི་དགེ་མཚན་དང་ཁྱད་ཆོས་ལྡན་ལ། མཚོ་སྔོན་དུ་མ་ཡོང་གོང་ང་ཚོས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ཁུངས་དང་དགེ་མཚན་ལ་ཟུང་འབྲེལ་བྱས་ཏེ་འབྲེལ་ཡོད་ཆེད་མཁས་པ་དང་། ཁེ་ལས་པ། སྨྱན་སྦྱོར་གྲགས་ཅན་བཅས་རྩ་འཛུགས་བྱས་ནས་རྟོག་ཞིབ་ཚོགས་པ་བཙུགས་ཏེ་ས་གནས་གཉིས་ཀྱི་མཉམ་ལས་ཐད་གནད་འཁེལ་ངང་འབྲེལ་མཐུད་མངོན་འགྱུར་ཡོང་བར་རེ་བ་བཅངས་པ་ཡིན། བརྟག་ཞིབ་བྱས་པ་བརྒྱུད། ས་གནས་གཉིས་ཀྱི་མཉམ་ལས་ཀྱི་ཐུན་མོང་གི་ཆ་སྔར་བས་གནད་འཁེལ་ངང་བཙལ་ཏེ་མཚོ་སྔོན་དང་ཤང་ཀང་བར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་རྨང་གཞི་བཟང་པོ་བཏིང་ཡོད། མཚོ་སྔོན་གྱི་ཡུལ་སྐོར་ཐོན་ཁུངས་ཀྱི་ཆ་རྐྱེན་བཟང་ཞིང་མཚན་དང་སྙན་གྲགས་ཆེ་བས། ས་གནས་གཉིས་ཀྱིས་མཉམ་ལས་བྱས་པ་བརྒྱུད་ཤང་ཀང་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་སྔར་བས་མང་པོ་ཞིག་མཚོ་སྔོན་ལ་ཡུལ་སྐོར་དུ་ཡོང་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་མ་དེ་ཡུལ་དངོས་ནས་ཤེས་རྟོགས་དང་མྱོང་ཚོར་བྱེད་དུ་འཇུག་དགོས་པ་མ་ཟད། དཔལ་འབྱོར་གྱི་ཐོན་ནུས་མངོན་འགྱུར་བྱུང་བའི་དང་དུས་མཚུངས་སུ་འཛམ་གླིང་ལ་ཀྲུང་གོའི་གཏམ་རྒྱུད་དང་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་། ས་མཐོ་དང་ལྗང་མདོག སྐྱེ་ལྡན། སྦགས་བཙོག་མེད་པ་བཅས་ནི་མཚོ་སྔོན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཁྱད་ཆོས་གཙོ་བོ་དེ་ཡིན་པས། ཤང་ཀང་ནི་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་སྔོན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཀྱིས་ཕྱི་རྒྱལ་གྱི་ཁྲོམ་ར་སྔར་བས་གསར་འབྱེད་དང་། སྤུས་ལེགས་མིང་བྱང་སྐྲུན་པ། རིན་ཐང་མཐོ་རུ་གཏོང་བ་བཅས་ལ་རོགས་རམ་བྱ་རྒྱུ་ཡིན། མཚོ་སྔོན་དང་ཤང་ཀང་ས་གནས་གཉིས་ཀྱིས་སྔར་བས་འབྲེལ་འདྲིས་དང་མཉམ་ལས་བཟང་བོ་བྱས་ནས་ཕན་ཚུན་བར་རྒྱུས་ལོན་ཞིབ་མོ་བྱས་ཏེ་ཤང་ཀང་གི་དམིགས་བསལ་ལེགས་ཆ་བེད་སྤྱོད་ཡག་པོ་བཏང་ནས། མཚོ་སྔོན་གྱི་དགོས་མཁོ་དང་ཤང་ཀང་གི་ནུས་པ་ནུས་ལྡན་ལྡན་ངང་འབྲེལ་མཐུད་བྱེད་པ། ཐོན་ལས་འཕེལ་རྒྱས་དང་རིག་གནས་ཡུལ་སྐོར་སོགས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས་ལ། མཚོ་སྔོན་དང་ཤང་ཀང་བར་གྱི་ཚོང་དོན་ཐད་མཉམ་ལས་ཀྱི་ལྐོག་ཤུགས་ཆེན་པོ་ལྡན་པས་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་མཚོ་སྔོན་དང་ཤང་ཀང་བར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་པ་ལེན་རྒྱུའི་རེ་བ་བཅངས་ཡོད་ཅེས་བསྟན།
ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གི་ཚབ་བྱས་ཏེ་ལེའང་ཀྲེན་དབྱིན་དང་བཅས་པ་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་དང་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་མ་ཟད། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་ནས་གསུང་བཤད་གལ་ཆེན་གནང་པས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ཁ་ཕྱོགས་གསལ་བོ་བསྟན་ཞིང་། ཚད་གཞི་གསར་བ་གཏན་འབེབས་བྱས། འགན་འཁྲི་གསར་བ་གནང་ཡོད། ད་ལྟ་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་པ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་མཐོ་གནས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་ལ་ཤུགས་འདོན་པ། ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་ལེའུ་ཧུར་ཐག་གིས་འབྲི་བཞིན་པའི་སྒང་ཡིན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་དང་ཤང་ཀང་བར་གྱི་ཚོང་དོན་འགྲོ་འོང་གཏན་འཇགས་ངང་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་དངུལ་གཏོང་ཚད་ཀྱང་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། རིག་གནས་ཡུལ་སྐོར་གྱི་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཇེ་ཆེར་གཏོང་བཞིན་ཡོད་པས། ཤང་ཀང་དང་མཉམ་དུ་རིམ་པ་མང་ཞིང་། ཁྱབ་ཁོངས་ཆེེ་བ། རྣམ་པ་མང་བ་བཅས་ཀྱི་མཉམ་ལས་སྤེལ་རེས་ལམ་སྲོལ་བཙུགས་ནས་དངུལ་རྩ་དང་། ཞབས་ཞུ། ཟོག་འགྲེམས་སོགས་ཀྱི་ཐད་ཤང་ཀང་གི་ལེགས་ཆ་འདོན་སྤེལ་དང་། ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད་དང་། ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས། རིག་གནས་ཡུལ་སྐོར། ལྗང་མདོག་རྩིས་ནུས་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་འབྱུང་བར་རེ་བ་བཟུང་ཡོད།
ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་། ཝུའུ་ལ་ཙི་པེ་ཁེ་རེ་སུའུ་ལི་ཧན། ཝང་ཧའེ་ཧུང་། ཁོང་ཡུང་བཅས་གོང་གསལ་གྱི་འབྲེལ་ཡོད་བྱེད་སྒོར་ཞུགས།