ཧན་ཧུང་ཐེབས་རྩ་ལྷན་ཚོགས་ཀྱིས་མཚོ་སྔོན་གྱི་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་མྱུར་སྐྱོབ་རླངས་འཁོར30ཞལ་འདེབས་ཕུལ།

ཟླ7པའི་ཚེས8ཉིན་གྱི་སྔ་དྲོ། སྐྱེལ་འདྲེན་རྣམ་པའི་མྱུར་སྐྱོབ་རླངས་འཁོར་རེ་རེ་བཞིན་མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་ཏེ། རང་ཞིང་གི་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང30ཡི་ཕྱོགས་སུ་བསྐྱོད། ཉིན་དེར“ཧན་ཧུང་གཅེས་སེམས་ཏེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྤྱི་ཕན་འགུལ་སྐྱོད”ཅེས་པའི་ཞལ་འདེབས་དང་རླངས་འཁོར་གཏོང་བའི་མཛད་སྒོ་ཟི་ལིང་དུ་འཚོགས་ཤིང་། དེ་ནི་པེ་ཅིན་ཧན་ཧུང་གཅེས་སེམས་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་མཚོ་སྔོན་དུ་སྨན་བཅོས་རོགས་སྐྱོར་བྱེད་ཐེངས་ལྔ་པ་རེད།

ཐེངས་འདིའི་སྨན་བཅོས་རོགས་སྐྱོར་ཐད་ཧན་ཧུང་ཐེབས་རྩ་ལྷན་ཚོགས་ཀྱིས་རང་ཞིང་ལ་བརྒྱུད་འདྲེན་རྣམ་པའི་མྱུར་སྐྱོབ་རླངས་འཁོར30ཞལ་འདེབས་སུ་ཕུལ་བ་དང་། གྲོང་གསེབ་ཀྱི་སྨན་པ་རྣམས་ལ་སྐོར་ཞིབ་སྨན་ཁུག500ཞལ་འདེབས་སུ་ཕུལ་བ་དང་། གཞི་རིམ་གྱི་ཚད་བརྒལ་སྒྲ་རླབས་དང་། བུ་བཙའི་ཚན་ཁག ཕྲུ་གུ་གསར་སྐྱེས་བྱིས་ནད་ཚན་ཁག་བཅས་ཀྱི་སྨན་དོན་པར་དུས་ཡུན་ཟླ་བ་གསུམ་གྱི་ཆེད་སྦྱོང་གསོ་སྦྱོང་བྱས་པ་དང་དེར་ཞལ་འདེབས་བསྡོམས་འབོར་སྒོར་ཁྲི560ཕུལ། ཧན་ཧུང་ཐེབས་རྩ་ལྷན་ཚོགས་ཀྱི་འབྲེལ་ཡོད་མི་སྣ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ། ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་དང་དེ་བཞིན་ཁྲི་འདུ་རྫོང་བཞི་དབུས་གྲོང་རྡལ་ལྟེ་གནས་འཕྲོད་བསྟེན་ཁང་དུ་འཚམས་འདྲིར་ཕེབས་ནསPICUཞལ་འདེབས་རྣམ་གྲངས་ལ་རྟོག་ཞིབ་བྱས་ཏེ། ཞང་དང་གྲོང་རྡལ་ལ་ཞལ་འདེབས་ཕུལ་བའི་མྱུར་སྐྱོབ་ཁང་བསྐྲུན་ནས་བེད་སྤྱོད་བྱས་ཚུལ་རྒྱུས་ལོན་བྱས། 

མཛད་སྒོའི་ཐོག་ཧན་ཧུང་ཐེབས་རྩ་ལྷན་ཚོགས་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ཞལ་འདེབས་ལེན་མཁན་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་འཐུས་མིར་ཞལ་འདེབས་ཀྱི་ལྡེ་མིག་བྱང་བུ་སྤྲད། ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་འཕྲོད་བསྟེན་འཛུགས་སྐྲུན་ཅུའུ་གཞུང་དོན་ཁང་གི་ཀྲུའུ་རིན་བཀྲ་ཤིས་འབྲུག་ཆོས་ཀྱིས་ཞལ་འདེབས་ཕུལ་བའི་ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས་འདི་སྐད། “ཧན་ཧུང་ཐེབས་རྩ་ལྷན་ཚོགས་ཀྱིས་ཞལ་འདེབས་ཕུལ་བའི་མྱུར་སྐྱོབ་རླངས་འཁོར8རྫ་སྟོད་རྫོང་གི་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང8ལ་བཀོད་སྒྲིག་བྱ་རྒྱུ་དང་། རྫ་སྟོད་རྫོང་ཁྲ་འདམ་ཞང་དང་སྨུག་གཞུང་ཞང་གི་འཕྲོད་བསྟེན་ཁང་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི5000ཡན་ན་ཡོད། ཐེངས་འདིའི་ཞལ་འདེབས་དེ་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དེ་དག་ལ་མཁོ་ཐོག་རོགས་སྒྲུབ་ཅིག་ཡིན་པར་གདོན་མི་ཟ། ང་ཚོས་རིན་མི་དགོས་པར་སྐོར་ཞིབ་སྨན་བཅོས་དང་། སྨན་པ་གྲོང་གསེབ་ཏུ་སྐྱེལ་བ། སྤུས་ལེགས་སྨན་བཅོས་ཞབས་ཞུ་གཞི་རིམ་དུ་སྐྱོད་པ་ལ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཧུར་ཐག་སྤེལ་ནས་ནུས་ཤུགས་ཡོད་རྒུས་ས་གནས་དེའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཁས་ལེན་བྱས་ཡོད”ཟེར། 

“ཧན་ཧུང་ཐེབས་རྩ་ལྷན་ཚོགས་ཀྱིས་རང་ཞིང་གི་གཞི་རིམ་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་།    2014ལོར་རང་ཞིང་དུ‘ཧན་ཧུང་གཅེས་སེམས་ཀྱི་མི་བརྒྱས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི’སྨན་བཅོས་རོགས་སྐྱོར་སྤྱི་ཕན་ལས་འགུལ་ཆེ་གྲས་སྤེལ་ལ། ལམ་ཐག་སྤྱི་ལེ2000ལྷག་ལ་བསྐྱོད་ནས་ལིང་གྲིབ་ཡོད་པའི་མི500ལ་རིན་མེད་ཀྱིས་གཤགས་བཅོས་བྱས་པ”དང་།  གཅེས་སེམས་སྨན་སྒམ་ཁྲི1དང་། སྨན་བཅོས་སྐོར་ཞིབ་རླངས་འཁོར30། མྱུར་སྐྱོབ་རླངས་འཁོར10བཅས་ཞལ་འདེབས་སུ་ཕུལ། 2021ལོ་ནས2023ལོའི་བར་རང་ཞིང་ལ་བརྒྱུད་འདྲེན་རྣམ་པའི་མྱུར་སྐྱོབ་རླངས་འཁོར70དང་གྲོང་གསེབ་སྨན་པའི་སྐོར་ཞིབ་ཁུག་མ1500ཞལ་འདེབས་སུ་ཕུལ། ཞང་དང་གྲོང་རྡལ་གྱི་མྱུར་སྐྱོབ་ཁང20ཞལ་འདེབས་བརྒྱབ་ནས་བསྐྲུན་པ་དང་ལིང་གྲིབ་སྒྲ་བརྒལ་འོ་འགྱུར་ནད་པ200ལྷག་ལ་རིན་མེད་གཤགས་བཅོས་བྱས་ཏེ། གཞི་རིམ་གྱི་སྨན་དོན་མི་སྣར་དུས་ཡུན་ཟླ་བ་གསུམ་གྱི་ཆེད་ལས་ཚན་ཁག་གསོ་སྦྱོང་བྱས”ཞེས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་སུང་ཧའེ་ཁྲེང་གིས་ངོ་སྤྲོད་བྱས།   

རྒྱུས་ལོན་བྱུང་བ་ལྟར་ན། ཧན་ཧུང་ཐེབས་རྩ་ལྷན་ཚོགས་ཀྱིས་ལོ་བཅུའི་རིང་རིམ་རྩིས་བྱས་ན་རང་ཞིང་གི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་རིན་ཐང་བསྡོམས་འབོར་སྒོར་ཁྲི3000ཙམ་གྱི་ཞལ་འདེབས་ཕུལ་ཡོད་པ་དང་། མྱུར་སྐྱོབ་རླངས་འཁོར100ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་བཞི་ཆའི་གཅིག་ཙམ་ལ་ཁྱབ་པས“མི་བརྒྱ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི”སྤྱི་ཕན་ལས་འགུལ་གྱི་དམིགས་ཚད་སླར་ཡང་མངོན་འགྱུར་བྱུང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号