ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་བརྗེ་རེས་བྱས།
ད་ལོ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་ལོ་རེད། ཟླ7ཚེས8ནས་ཚེས9ཉིན་བར། ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་ཚབ་ཚོགས་པ་རང་ཞིང་གི་མགོ་ལོག་ལོག་ཁུལ་ཏུ་སོང་སྟེ་རྟོག་ཞིབ་དང་བརྗེ་རེས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ལག་རྡང་མཉམ་སྦྲེལ་གྱིས་ཧྲང་ཧའེ་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་གྱི་ལེའུ་གསར་པ་བྲིས། ཧྲང་ཧའེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅི་ཉིན་གྱིས་ཚོགས་པའི་སྣེ་ཁྲིད་དེ་རྟོག་ཞིབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཉམ་དུ་རྟོག་ཞིབ་ལ་ཞུགས།
ད་ལོའི་ཟླ6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་སྐབས། ས་ཚིགས་དང་པོ་ཧྲང་ཧའེ་ཡིས་རོགས་སྐྱོར་འཛུགས་སྐྲུན་བྱས་པའི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་ཕེབས་པ་དེས་ཧྲང་ཧའེ་དང་མཚོ་སྔོན་ས་གནས་གཉིས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་མ་ཆེན་པོ་ཐེབས། འཐུས་ཚབ་ཚོགས་པ་མགོ་ལོག་ཁུལ་མི་དམངས་སྨན་ཁང་དང་རྨ་སྟོད་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དུ་སོང་ནས་སློབ་གསོ་དང་འཕྲོད་བསྟེན་གྱི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཧྲང་ཧའེ་ཡི་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་པར་བརྟེན་ནས། སྤུས་ལེགས་སྨན་བཅོས་ཞབས་ཞུ་ཡིས་རོང་འབྲོག་མང་ཚོགས་སྔར་ལས་མང་པོར་ཕན་འབྲས་ཐོབ་ཡོད་པ་དང་། སློབ་གྲྭའི་སློབ་ཁྲིད་ཞིབ་འཇུག་དང་སློབ་ཁྲིད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པས། ཧྲང་ཧའེ་ནས་ཡོང་བའི་སྨན་པ་དང་དགེ་རྒན་རྣམས་ལ་ས་གནས་མི་དམངས་མང་ཚོགས་ཀྱི་བསྟོད་བསྔགས་ཐོབ། རྟོག་ཞིབ་བྱེད་པའི་ཁྲོད། ས་གནས་གཉིས་ཀྱིས་ཐུན་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། ཁ་གཏད་རོགས་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་ལྷག་པར་དུ་སྨན་བཅོས་འཕྲོད་བསྟེན་དང་སློབ་གསོའི་འཇོན་མིའི“བརྒྱུད་རོགས་ཁྲིད་སྟོན”གྱི་བྱ་བ་དམ་འཛིན་ཡག་པོ་བྱས་ཏེ། ས་གནས་དེའི་ལས་རིགས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱས་ནས། མགོ་ལོག་ས་གནས་སུ་སྔར་ལས་མང་པོའི་འཇོན་མི་གསོ་སྐྱོང་བྱེད་པའི་བྱ་བར་གྲོས་མོལ་བྱས།
ཉེ་བའི་ལོ་ཤས་རིང་། ཧྲང་ཧའེ་དང་མཚོ་སྔོན་གཉིས་ཀྱིས“རི་བོ་གཉིས”ཀྱི་འདུ་ཤེས་ཧུར་ཐག་གིས་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་བཏང་བ་བརྒྱུད་ས་གནས་མང་ཚོགས་ཕྱུག་པོར་འགྱུར་བ་དང་ཡོང་འབབ་འཕར་སྣོན་འབྱུང་བར་སྐུལ་ཁྲིད་བྱས། འཐུས་ཚབ་ཚོགས་པ་རྨ་སྟོད་རྫོང་རྨ་ཆུའི་མགོ་ཁུངས་དང་གཅིག་སྒྲིལ་རྫོང་སྨིན་ཐང་ཡུལ་ཚོ་སྨིན་ཐང་མཚེའུ་བཅས་སུ་སོང་ནས་ས་གནས་དེའི་སྐྱེ་ཁམས་སྲུང་སྐྱོབ་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཧྲང་ཧའེ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ཡུལ་སྐོར་ཐོན་ལས་ལས་གཞིའི་འཕེལ་རིམ་ལ་རྒྱུས་ལོན་དང་། ས་གནས་གཉིས་ཀྱིས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་དམིགས་ནས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བར་ཞིབ་འཇུག་དང་གྲོས་བསྡུར་བྱས།
རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་རྡལ་དགའ་ལྡན་གྲོང་ཚོ་ནི་གནས་སྤོས་གྲོང་ཚོ་ཞིག་ཡིན་ཞིང་། འཐུས་ཚབ་ཚོགས་པ་དབུལ་ཐར་ཁྱིམ་ཚང་མགོན་པོའི་ཁྱིམ་དུ་སོང་ཞིང་། ཧྲང་ཧའེ་ཡིས་རྨ་སྟོད་ཀྱི“5·22”ས་ཡོམ་གྱི་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བར་རོགས་སྐྱོར་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁྱིམ་ཚང་གཅིག་གི་ཐོན་སྐྱེད་འཚོ་བར་དོ་ཁུར་དང་རྒྱུས་ལོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་ཚོར་ཞིང་བདེ་སྐྱིད་ཀྱི་འཚོ་བ་གསར་པར་བཅངས་པའི་རེ་འདུན་མཉམ་སྤྱོད་བྱས་པ་རེད།
འཐུས་ཚབ་ཚོགས་པ་ད་དུང་མགོ་ལོག་གངས་རིའི་བཟའ་བཅའ་ཚད་ཡོད་ཀུང་སིར་སོང་ནས། ཁེ་ལས་འཕེལ་རྒྱས་དང་ཧྲང་ཧའེ་ཡི་ལོ་རྒྱུས་འབྱུང་ཁུངས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། དུས་རབས་སྔོན་མའི་ལོ་རབས50པའི་དུས་འགོར། ཧྲང་ཧའེ་ཁང་ཨེར་སུའུ་འོ་རྫས་བཟོ་གྲྭས་ཏང་དང་རྒྱལ་ཁབ་ཀྱི་འབོད་སྐུལ་དང་དུ་བླངས་ནས། 1959ལོར་མགོ་ལོག་འོ་རྫས་ཁེ་ལས་དང་པོ་བསྐྲུན་པར་རོགས་སྐྱོར་བྱས་པ་དང་། ཁེ་ལས་ཀྱི་འཕོ་འགྱུར་ལོ་རྒྱུས་ཀྱིས་རྩ་ཆེའི་རོགས་སྐྱོར་གྱི་བརྩེ་བ་བདེན་དཔང་བྱས་ཡོད། ས་གནས་གཉིས་ཀྱི་བློ་མཐུན་གྱིས་ཧྲང་ཧའེ་དང་མཚོ་སྔོན་ས་གནས་གཉིས་ཀྱི་ཐོན་ཁུངས་གསབ་རེས་རང་བཞིན་ཆེ་བ་དང་ཐོན་ལས་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད། ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མི་རིགས་ས་ཁུལ་གོང་འཕེལ་ཡོང་བར་སྔར་ལས་སྐུལ་འདེད་གཏོང་བ། མི་རིགས་ས་ཁུལ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། རིགས་སོ་སོའི་མང་ཚོགས་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་པར་བསྟན།
རྒྱུས་ལོན་བྱུང་བ་ལྟར་ན། 2010ལོར་ཧྲང་ཧའེ་ཡིས་མགོ་ལོག་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ཚུན་དུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ན་གཞོན་འཇོན་མི་ལས་བྱེད་པ་སྐོར་ཐེངས་ལྔ་ཡིས་མཚོ་བོད་མཐོ་སྒང་དུ་མུ་མཐུད་དུ་འབད་འཐབ་བྱས་ནས། ད་ལྟའི་བར་རོགས་སྐྱོར་ལས་གཞི་ཆིག་སྟོང་ལྷག་ཙམ་ལག་བསྟར་བྱས་ཏེ། མགོ་ལོག་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་རོགས་རམ་བྱས་ཡོད་པ་རེད།
མཚོ་སྔོན་དུ་སྡོད་པའི་རིང་ལ། ཁྲིན་ཅི་ཉིན་དང་ཁྲིན་ཀང་སོགས་ས་གནས་གཉིས་ཀྱི་མགོ་ཁྲིད་པས་ཧྲང་ཧའེ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མི་ལས་བྱེད་པའི་འཐུས་མི་ལ་འཚམ་འདྲི་བྱས།
ཧྲང་ཧའེ་གྲོང་ཁྱེར་གྱི་མགོ་ཁྲིད་པ་ལིས་ཀྲིན་དང་ཁྲིན་ཡུའུ་ཅན། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་པ་ཚེ་རིང་ཐར་དང་དབྱང་ཀྲི་ཝུན་བཅས་མཉམ་དུ་རྟོག་ཞིབ་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注