ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་།

ཟླ4པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་འགོ་འཛིན་མཛད་དེ། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་གསུང་བཤད་གལ་ཆེན་གནང་། 

ཟླ4པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་འགོ་འཛིན་མཛད་དེ། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནུབ་རྒྱུད་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཁྱོན་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པས། ཏང་ཀྲུང་དབྱང་གིས་བཏོན་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ལག་ལེན་མཐར་ཕྱིན་བྱེད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་སྒོས་དམ་འཛིན་ཡག་པོ་བྱས་ཏེ། སྲུང་སྐྱོབ་ཆེན་མོ་དང་སྒོ་འབྱེད་ཆེན་མོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་སྔར་ལས་གྲུབ་པར་བྱེད་རྒྱུ་དང་། ས་ཁོངས་ཧྲིལ་པོའི་སྟོབས་ཤུགས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཇེ་ཆེར་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལེའུ་གསར་པ་འབད་པས་རྩོམ་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་དུ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲིན་ཧྲན་ཅེ་དང་། ཁྲུང་ཆིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡོན་ཅཱ་ཅུན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧོས། ཧྲའན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཀྲའོ་དབྱི་ཏི། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་མཱ་ཞིན་རོས་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་ནས། ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་སྐོར་ནས་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པ་དང་། བསམ་འཆར་དང་གྲོས་འགོ་བཏོན། བཞུགས་མོལ་ཚོགས་འདུར་ཞུགས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་འགན་འཁུར་བློ་མཐུན་གཙོ་བོས་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་སྤྲད།

ཚང་མའི་གཏམ་བཤད་ལ་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་གྲུབ་པར་བཀོད་སྒྲིག་བྱས་ཏེ་ལོ5འཁོར་བའི་རིང་ལ། ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོའི་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་མངོན་སུམ་གྱིས་ཇེ་ཆེར་སོང་ཡོད་ལ། སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་བཀོད་པ་མགྱོགས་མྱུར་སྒོས་བསྐྲུན་ཡོད་པ་དང་། རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ཇེ་ལེགས་སུ་སོང་ཞིང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བརྟན་པོའི་ངང་ཇེ་མཐོར་སོང་ནས། དབུལ་ཐར་མཁྲེགས་གཏོར་ལ་དུས་བཅད་ལྟར་རྒྱལ་ཁ་བླངས་པ་དང་། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པའི་སྟེང་བསྐྱོད་ཡོད། དེ་དང་མཉམ་དུ་ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་གནས་ཡོད་པ་ཤེས་པར་བྱས་ཏེ། ཞིབ་འཇུག་དང་ཐག་གཅོད་ནན་མོ་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཁྱད་ཆོས་ལྡན་ཞིང་ཁྱད་དུ་འཕགས་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་གསར་དར་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་ཡོང་བར་བྱེད་པ་དང་། རིམ་པ་མཐོ་བའི་ཚན་རྩལ་གསར་གཏོད་འཇོན་མི་གསོ་སྐྱོང་དང་ནང་འདྲེན་བེད་སྤྱོད་ཡག་པོ་བྱས་ནས། འགག་རྩ་དང་ལྟེ་བར་གྱུར་པའི་ལག་རྩལ་ཁག་ཅིག་དམིགས་བསལ་གྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས། ཤར་དབུས་ནུབ་རྒྱུད་ཀྱི་ཚན་རྩལ་གསར་གཏོད་མཉམ་ལས་ཟབ་སྤེལ་བྱས་ནས། རྒྱལ་ཁབ་ཀྱི་རང་བདག་གསར་གཏོད་དཔེ་སྟོན་ཁུལ་དང་ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་དཔེ་སྟོན་ཁུལ་ལེགས་པོར་འཛུགས་དགོས། སྲོལ་རྒྱུན་ཐོན་ལས་ཀྱི་ལག་རྩལ་སྒྱུར་བཀོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གཙོ་གནད་ལས་རིགས་ཀྱི་སྒྲིག་ཆས་གསར་སྒྱུར་སྒྱུར་བཀོད་བྱེད་པ། སྲོལ་རྒྱུན་ཁྱད་འཕགས་ཐོན་ལས་རིམ་སྤོར་དང་སྤུས་འདེགས། ཕན་སྐྱེད་བཅས་བྱེད་པར་སྐུལ་འདེད་བཏང་ནས། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ནུས་ཆོད་དང་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་ཚད་ཇེ་མཐོར་གཏོང་དགོས། ཀྲུང་དབྱང་ཁེ་ལས་དང་ནུབ་རྒྱུད་ས་ཁུལ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཡུལ་སྐོར་སོགས་ཞབས་ཞུའི་ལས་རིགས་དེ་ས་ཁོངས་ཀྱི་སྲོག་ཤིང་ཐོན་ལས་སུ་བསྒྱུར་དགོས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བ་དང་། དེང་རབས་བཟོ་སྐྲུན་ལས་རིགས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཚོལ་ཞིབ་དང་འཕེལ་རྒྱས་སུ་གཏོང་བ། འབྱུང་འགྱུར་གྱི་ཐོན་ལས་བཀོད་སྒྲིག་འཛུགས་སྐྲུན་བྱས་ནས། ས་ཁུལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གྲུབ་པར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་སྔར་ལས་སྲ་བརྟན་དུ་གཏོང་དགོས། རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོབ་ཀྱི་རྣམ་པ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ། སྐྱེ་ཁམས་མ་ལག་གལ་ཆེན་ལ་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་བཟོ་སྐྲུན་གལ་ཆེན་མྱུར་དུ་ལག་བསྟར་བཅས་བྱས་ནས། “བྱང་གསུམ”བཟོ་སྐྲུན་གྱི་ཚབ་མཚོན་རང་བཞིན་གྱི་གཡུལ་འགྱེད་ཆེན་མོ་གསུམ་ཡག་པོར་གཉེར་དགོས། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་ནུས་པ་ཇེ་ཆེར་གཏོང་བ། གཙོ་གནད་ས་ཁོངས་དང་གཙོ་གནད་ཁྱབ་ཁོངས་ཀྱི་སྦགས་བཙོག་འགོག་བཅོས་ཟབ་སྤེལ་བྱེད་དགོས། སྲོལ་རྒྱུན་ཐོན་ལས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་སྒྱུར་བཀོད་ལ་སྐུལ་འདེད་ཆེན་པོ་བཏང་ནས། རྡོ་སོལ་གཙང་མ་དང་ཕན་ནུས་ཆེ་བའི་སྒོ་ནས་བེད་སྤྱོད་བྱ་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་དང་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་སྒོ་འབྱེད་ཆེན་མོས་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ནུབ་རྒྱུད་ས་ཁུལ་གྱི་ཕྱི་ནང་གཉིས་ལ་སྒོ་འབྱེད་པའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཆེན་པོ་གཏོང་བ་དང་། ལམ་རྒྱུད་ས་ཁུལ་གྱི་གསར་སྤེལ་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་སིམ་འདྲེས་ཡོང་བར་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་གླིང་ཁུལ་སྣ་ཚོགས་དང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ། རྒྱལ་ཁོངས་ལས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ་བཅས་ཀྱི་བཀོད་སྒྲིག་སྔར་ལས་འཐུས་ཚང་དུ་བཏང་ནས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་པོའི་ངང་རྒྱ་སྐྱེད་གཏོང་བ་དང་། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་དགོས། སྔར་ལས་རང་རྟོགས་སྒོས་ས་ཁོངས་སྦྲེལ་མཐུད་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་མོའི་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་པ། ཤར་དབུས་ནུབ་རྒྱུད་ཀྱི་སྒོ་འབྱེད་སྟེགས་བུའི་འབྲེལ་མཐུད་ལམ་སྲོལ་གསར་གཏོད་བཅས་བྱས་ནས། ཤར་དབུས་རྒྱུད་དང་བྱང་ཤར་ས་ཁུལ་གྱི་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ནུས་ཁུངས་ཐོན་ཁུངས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་ལེན་ནུས་པ་མངོན་སུམ་གྱིས་ཇེ་ཆེར་གཏོང་དགོས། ནུས་ཁུངས་མ་ལག་གསར་པ་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་ནས། རྒྱལ་ཁབ་ཀྱི་ནུས་ཁུངས་རྟེན་གཞི་གལ་ཆེན་ཁག་ཅིག་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། དྲ་སྦུག་ཕན་ཚུན་འབྲེལ་མཐུད་བྱེད་ཤུགས་ཇེ་ཆེར་བཏང་ནས། “ནུབ་གློག་ཤར་སྐྱེལ”གྱི་ནུས་པ་ཇེ་ཆེར་གཏོང་དགོས། གཏེར་ཁའི་ཐོན་ཁུངས་ཀྱི་འཆར་འགོད་དོ་དམ་ཚོད་འཛིན་དང་། གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གསར་སྤེལ་བེད་སྤྱོད་ལ་ཤུགས་བསྣན་ནས། རྒྱལ་ཁབ་རིམ་པའི་གཏེར་ཁའི་ཐོན་ཁུངས་སྔོག་འདོན་དང་ལས་སྣོན་རྟེན་གཞི་ཁག་ཅིག་མགྱོགས་མྱུར་ངང་གྲུབ་པར་བྱེད་དགོས། ཆུའི་ཐོན་ཁུངས་བདེ་འཇགས་འགན་སྲུང་ཆུ་ཚད་མངོན་སུམ་གྱིས་ཇེ་མཐོར་གཏོང་དགོས། ས་ཁུལ་ལས་བརྒལ་བའི་ཐོན་ལས་མཉམ་ལས་དང་བཀོད་སྒྲིག་ལེགས་སྒྱུར་གྱི་ལམ་སྲོལ་གསར་གཏོད་བྱས་ནས། ཐོན་ལས་སྐས་རིམ་སྤོ་སྒྱུར་གྱི་འགན་གོ་རིམ་ལྡན་པའི་ངང་ནས་དང་ལེན་བྱེད་དགོས། ཁྲིན་ཏུའུ་དང་ཁྲུང་ཆིན་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་མུ་ཁྱུད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཆེན་པོ་གཏོང་བ་དང་། གྲོང་ཁྱེར་ཁྱུ་ཚོགས་ཧུར་ཐག་གིས་གསོ་སྐྱོང་བྱས་ཏེ། ཞིང་ཆེན་ཁོངས་གཏོགས་ཀྱི་ལྟེ་གནས་ཕལ་བའི་གྲོང་ཁྱེར་ཁག་ཅིག་དར་རྒྱས་གོང་འཕེལ་དུ་བཏང་སྟེ། གྲོང་ཁྱེར་བར་གྱི་རྨང་གཞིའི་སྒྲིག་ཆས་སྦྲེལ་མཐུད་དང་སྤྱི་པའི་ཞབས་ཞུ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་རྒྱུ་ཟུང་འབྲེལ་དམ་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཁྲོད་དམངས་ཚིས་ལ་འགན་ལེན་དང་ལེགས་བཅོས་བྱེད་དགོས། གྲོང་གསེབ་དར་སྤེལ་གའཐབ་ཇུས་ལག་བསྟར་ཟབ་མོ་བྱས་ནས། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཡོང་འབབ་དམའ་བའི་མི་དང་དར་རྒྱས་བྱུང་མེད་པའི་ས་ཁུལ་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་བཙུགས་ཏེ། གཞི་ཁྱོན་ཆེ་བའི་སྒོ་ནས་ཡང་བསྐྱར་དབུལ་པོར་འགྱུར་བའི་རྣམ་པ་མཐའ་གཅིག་ཏུ་འགོག་དགོས། “བཟོ་སྐྲུན་ཁྲི་སྟོང་གི”ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། ས་ཁོངས་རང་གི་ཁྱད་ཆོས་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་སྟངས་བསྐྲུན་དགོས། རང་སོ་སོའི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་ལས་ཀྱི་སྟོབས་ལྡན་རྫོང་དང་བཟོ་ལས་ཀྱི་རྫོང་ཆེན་པོ། ཡུལ་སྐོར་གྱི་རྫོང་གྲགས་ཅན་བཅས་ཁག་ཅིག་སྐྱེད་སྲིང་བྱས་ཏེ། ཞིང་པ་མང་ཚོགས་ཀྱིས་རང་གི་ཉེ་འཁོར་ནས་ལས་ཞུགས་བྱས་ཏེ་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་ཚད་བརྟན་པར་བྱེད་པ་དང་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་ཡག་པོར་འཁུར་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པའི་ཐད་བྱས་རྗེས་འཇོག་དགོས། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། གོམས་སྲོལ་ལེགས་སྒྱུར་ལ་སྐུལ་འདེད་བཏང་ནས། དུས་རབས་ཀྱི་སྲོལ་རྒྱུན་གསར་པ་དང་རྣམ་པ་གསར་པ་ཧུར་ཐག་གིས་བསྐྱེད་དགོས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་ཀྱིན་པའི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས། དུས་རབས་གསར་པའི“ཧྥིན་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་སྟེ། ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས་ནས། གཞི་རིམ་བརྟན་འཇགས་དང་མང་ཚོགས་བདེ་འཇགས་ཡོང་བར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་འཇགས་ལ་སྲུང་སྐྱོབ་ནན་མོ་བྱེད་དགོས། མི་རིགས་ས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་རྒྱུ་དང་ཕྱོགས་གང་ཅིའི་ཐད་ནས་ལག་བསྟར་བྱེད་དགོས། དམངས་ཚིས་དང་དམ་པོར་སྦྲེལ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། དམངས་ཚིས་ཚད་མཐའ་སྲུང་བ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཧུར་ཐག་གིས་ཐག་གཅོད་པ་བཅས་བྱེད་དགོས། ཏང་གི་མི་རིགས་སྲིད་ཇུས་ཆ་ཚང་ཞིང་ཡང་དག་པར་ལག་ལེན་མཐར་ཕྱིན་བྱས་ཏེ། སྒར་རེས་རྣམ་པའི་སྤྱི་ཚོགས་གྲུབ་ཚུལ་དང་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་ནས། མི་རིགས་སོ་སོའི་མང་ཚོགས་འགྲོ་འོང་བརྗེ་རེས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོར་མུ་མཐུད་བཅོས་སྐྱོང་ནན་མོ་བྱེད་དགོས། དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་གི་འགུལ་སྐྱོད་ལ་སྐུལ་འདེད་ཟབ་མོ་བཏང་ནས། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མཐའ་མཚམས་ཡུལ་སྐོར་སོགས་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། འབད་བརྩོན་ཆེན་པོས་མཐའ་མཚམས་མང་ཚོགས་ཕྱུག་པ་དང་མཐའ་མཚམས་འགག་སྒོ་མཛེས་པ། མཐའ་མཚམས་ས་ཁུལ་འཇགས་པ། མཐའ་མཚམས་སྲུང་སྐྱོབ་བརྟན་པ་བཅས་མངོན་འགྱུར་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་མཇུག་མཐར་ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚན་ཆུང་གིས་གཅིག་གྱུར་འཆར་འགོད་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དགོས་པ་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གིས་དམིགས་ཡུལ་ལྡན་པའི་སྒོ་ནས་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་བྱས་ཏེ་འདོན་དགོས། ནུབ་རྒྱུད་ས་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གཙོ་འགན་འཁུར་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ཤར་ནུབ་རྒྱུད་རོགས་ལས་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཁ་གཏད་རོགས་སྐྱོར་དང་དམིགས་འཛུགས་རོགས་སྐྱོར་ཟབ་སྤེལ་བྱེད་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དམ་འཛིན་ཡག་པོ་བྱས་ཏེ། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་ངང་བཅོས་སྐྱོང་བྱས་ནས། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས། ཇུས་ཆོད་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྲིད་ཇུས་གལ་ཆེན་དང་ལྷག་པར་དུ་དམངས་ཚིས་དང་འབྲེལ་བའི་སྲིད་ཇུས་མ་བཏོན་སྔོན་ལ། རིགས་པས་ཁུངས་སྐྱེལ་གང་ལེགས་དང་ཉེན་ཁར་དཔྱད་དཔོག་བྱེད་དགོས་པ་དང་། ལག་བསྟར་བྱེད་པའི་དུས་སུ་གནད་དོན་བྱུང་ཚེ་དུས་ཐོག་ཏུ་བརྟག་དཔྱད་དང་བློག་ཐག་རྦད་ཆོད་ངང་ཐག་གཅོད་བྱེད་དགོས། ལྷག་བསམ་རྣམ་དག་དང་བབ་གཙང་འགན་འཁུར་གྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་པ་དང་། དཔྱད་ཞིབ་དང་སྐུལ་ལྕག་ལམ་ལུགས་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་བ། གཞི་རིམ་ལས་བྱེད་པ་དང་ལྷག་པར་དུ་ཆ་རྐྱེན་ཞན་པའི་ས་ཁུལ་གྱི་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ། ལས་བྱེད་པས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་བློ་ཁོག་ཆེན་པོས་གསར་འབྱེད་བྱེད་པ། ཁག་ཁུར་ཆེན་པོས་བྱས་རྗེས་འཇོག་པ་བཅས་ལ་སྐུལ་ལྕག་གཏོང་དགོས་ཞེས་ནན་གྱིས་གསུངས།

ལིས་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ་གོ་བ་ལེན་པ་དང་དོན་འཁྱོལ་ཟབ་མོ་བྱས་ཏེ། ཆེ་ཕྱོགས་ལ་དམ་པོར་དམིགས་ནས་ནུབ་རྒྱུད་གསར་སྤེལ་ཆེན་མོ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱིའི་ཁྲོད་དུ་བཞག་ནས་གནས་ངེས་གཏན་གྱི་སྒོ་ནས་བསམ་གཞིག་གཏོང་བ་དང་གཅིག་གྱུར་འཆར་འགོད་བྱས་ཏེ་སྐུལ་སྤེལ་བྱེད་དགོས། ཞིབ་ཕྲའི་ཆ་ལ་དམ་པོར་དམིགས་ཏེ། ས་གནས་སོ་སོའི་རང་བྱུང་ཆ་རྐྱེན་དང་འཕེལ་རྒྱས་ཀྱི་སྦས་ཤུགས་སོགས་ཀྱི་ཁྱད་པར་ལ་གཞིགས་ནས། ཡུལ་བབ་དང་བསྟུན་ཏེ་རིགས་དགར་ནས་ཐབས་ཇུས་ལག་བསྟར་བྱེད་དགོས། ཁྱད་སྟོབས་དགེ་མཚན་ལ་རྐང་བཙུགས་ཏེ། ས་ཁོངས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཐུབ་པའི་འཕར་སྣོན་སྣེ་དང་འཕར་སྣོན་ཁུལ་སྔར་ལས་གང་མང་བསྐྱེད་རྒྱུ་དང་། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་བསྐྲུན་པ། དམིགས་བསལ་རིགས་ཀྱི་ས་ཁུལ་འཕེལ་རྒྱས་གཏོང་ནུས་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། ས་གནས་ཀྱི་བུ་ལོན་ཉེན་ཁ་སེལ་བ་དང་བརྟན་བརླིང་ངང་འཕེལ་རྒྱས་གཏོང་བར་གཅིག་གྱུར་སྒོས་འཆར་འགོད་ཡག་པོ་བྱེད་དགོས། ཕྱི་ནང་གཉིས་ལ་སྒོ་འབྱེད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རང་འགུལ་ངང་རྒྱལ་ནང་གི་ས་ཁོངས་གཞན་དག་གི་འཐབ་ཇུས་དང་སྦྲེལ་མཐུད་གང་ལེགས་བྱེད་པ། རྒྱལ་སྤྱིའི་འཁོར་རྒྱུག་ཁྲོད་འབད་པས་ཞུགས་ཏེ། ནུབ་རྒྱུད་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་བསྐྱེད་དགོས་ཞེས་གསུངས།

ཏེན་ཞུའེ་ཞང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། ནུབ་རྒྱུད་གསར་སྤེལ་ཆེན་མོ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་གལ་ཆེན་ཡག་པོར་འཁུར་ནས། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མངོན་སུམ་གྱིས་ཇེ་ཆེར་གཏོང་དགོས། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་རྒྱུན་མཐུད་དང་གཏིང་ཟབ་སྒོས་སྤེལ་ནས། གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པ། ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་ཚུལ་སྒྱུར་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་བཏང་སྟེ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་ཧུར་ཐག་དང་བརྟན་བརླིང་ངང་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ལིས་ཀན་ཅེ་དང་ཧི་ལིས་ཧྥུན། ཝུའུ་ཀྲིན་ལུང། མུའུ་ཧུང་། ཅང་ཞིན་ཀྲི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ས་གནས། འབྲེལ་ཡོད་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号