ཞི་ཅིན་ཕིང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་མཇལ་འཕྲད་གནང་།
ཟླ4པའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་དབྱི་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་སྒོས་འཕེལ་འགྱུར་འབྱུང་བཞིན་ཡོད་པ་དང་། ཉེན་ཁ་དང་འགྲན་སློང་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པས། རྒྱལ་ཁབ་སོ་སོས་མཐུན་སྒྲིལ་རོགས་རེས་བྱས་ན། ད་གཟོད་འཛམ་གླིང་གི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་ཐུབ་པ་དང་། འཛམ་གླིང་གི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཐུབ། རྒྱལ་སྤྱིའི་གནས་བབ་ཛ་དྲག་ཅི་འདྲ་ཆེ་རུང་། ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་བརྟན་བརླིང་ངང་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་དགོས་པའི་གལ་ཆེན་རང་བཞིན་དེ་ལྟར་མངོན་གསལ་དུ་གྱུར་ཡོད། ད་ལོ་ནི་ཀྲུང་གོ་དང་སི་ཕེན་གྱི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ20འཁོར་བའི་ལོ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་ཕྱོགས་དང་མཉམ་དུ་འཐབ་ཇུས་ཀྱི་ངེས་ཤུགས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་ལས་ལྡན་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་སྔར་ལས་བདེ་སྐྱིད་ལྡན་ལ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་སྒུལ་ཤུགས་སྣོན་པ། འཛམ་གླིང་ཞི་བདེ་དང་བརྟན་བརླིང་། འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བྱ་དངོས་ཐམས་ཅད་མཐོང་རྒྱར་བསྟེན་ནས་ཚད་འཇལ་བྱེད་དགོས། ཀྲུང་གོ་དང་ནུབ་ཕྱོགས་ཀྱི་མཛའ་བརྩེ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་སྲོལ་རྒྱུན་གྱི་མཛའ་བརྩེ་དང་། དོན་དངོས་ཀྱི་དགོས་མཁོ། ཡུན་རིང་གི་ཁེ་ཕན་བཅས་ལ་གཞིགས་པའི་ཡང་དག་པའི་གདམ་ག་ཞིག་རེད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་འཇོག ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས་ལ། ཁྱད་པར་དུ་ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོའི་མི་གྲངས་དུང་ཕྱུར14ཡི་འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོ་དང་ཐོན་ལས་ཚུལ་སྒྱུར་གྱི་སྦས་ཤུགས་ཀྱིས་འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུགས་དྲག་པོ་འདོན་སྤྲོད་བྱ་ཐུབ། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་ཕྱོགས་དང་མཉམ་དུ་གཉིས་ཕན་གསབ་རེས་ཀྱི་མཉམ་ལས་ལེགས་ཆ་བེད་སྤྱོད་ཡག་པོ་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ་མཉམ་ལས་ཀྱི་རྐྱེན་སྲོལ་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ནུས་ཁུངས་གསར་པ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན། རིག་ལྡན་གྲོང་ཁྱེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་ཟབ་མོ་བྱས་ཏེ། གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་གཏོད་དགོས། ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཀྱི་མཛའ་བརྩེའི་སྲོལ་རྒྱུན་རྒྱུན་མཐུད་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་གཏིང་ཟབ་པའི“ཨོ་རྩལ་འགྲན་ཚོགས་ཀྱི་བརྩེ་བ”དང“དོམ་ཁྲའི་བརྩེ་བ”རྒྱུན་འཛིན་ཡག་པོ་བྱས་ཏེ། “སྤྲོ་སྣང་གི་དཔྱིད་གསར་དུས་ཆེན”སོགས“གསེར་གྱི་མིང་བྱང”གསར་པ་བསྐྲུན་དགོས། ཕྱི་འགྲིམ་སློབ་མ་ཕན་ཚུན་མངགས་གཏོང་གི་གཞི་ཁྱོན་ཇེ་ཆེར་བཏང་སྟེ། གཞོན་ནུ་སྔར་ལས་མང་པོ་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་མཛའ་བརྩེའི་སྟོབས་ཤུགས་གསོན་པོ་ཞིག་ཏུ་འགྱུར་བར་བྱ་དགོས། ཀྲུང་གོ་དང་ནུབ་ཕྱོགས་ཚང་མ་ནི་ཕྱོགས་མང་རིང་ལུགས་དང་སྒོ་འབྱེད་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཡིན་པས། ཕྱོགས་གཉིས་ཀྱིས་གཞུང་དྲང་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཡོ་རོབ་མནའ་འབྲེལ་དེ་འཛམ་གླིང་སྣེ་མང་ཅན་གྱི་སྣེ་གཙོ་བོར་བརྩི་བཞིན་ཡོད་ལ། ཡོབ་གླིང་མནའ་འབྲེལ་གྱི་མཐུན་སྒྲིལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཆེན་མོ་གཙོ་བོ་ཡིན། མིག་སྔའི་གནས་བབ་འོག ཀྲུང་གོ་དང་ཡོ་རོབ་ཀྱི་ཞི་བདེ་དང་འཕེལ་རྒྱས། བཅོས་སྒྱུར། དཔལ་ཡོན་བཅས་ཀྱི་གྲོགས་པོའི་འབྲེལ་བ་ཆེན་པོ་བཞི་མཉམ་དུ་འཛུགས་པར་དངོས་ཡོད་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་དང་ཡོ་རོབ་ཀྱིས་གྲོགས་པོའི་ངེས་གནས་རྒྱུན་འཁྱོངས་བྱེད་པ་དང་། སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་ནས། འཐབ་ཇུས་བརྟན་བརླིང་དང་གྲུབ་འབྲས་ལེགས་པོ་ལེན་པའི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྒོ་ཁྲལ་ཐད་རྩོད་རེས་བྱས་ན་རྒྱལ་ཁ་ལེན་མཁན་མེད་པ་ལས་གཞན། འཛམ་གླིང་གི་ཁ་གཏད་དུ་ལངས་ནས་རང་ཉིད་གྲོགས་མེད་ཁེར་རྐྱང་དུ་ཕུད་ངེས། ལོ་ངོ་བདུན་ཅུའི་རིང་ལ། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ལ་བརྟེན་པ་ལས་གཞན་ལ་བརྟེན་པ་མིན་ཞིང་། གཞན་པ་གང་རུང་གི་ལུགས་མེད་གཉའ་གནོན་ལ་འཇིགས་སྣང་སྐྱེ་བཞིན་མེད། ཕྱི་རོལ་ཁོར་ཡུག་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོས་ཡིད་ཆེས་བརྟན་པོ་དང་ངེས་ཤུགས་བརྟན་སྲུང་བྱེད་ཅིང་། ནུས་ཤུགས་གཅིག་སྡུད་སྒོས་རང་ཉིད་ཀྱི་བྱ་བ་ཡག་པོར་བསྒྲུབ་རྒྱུ་ཡིན། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ནི་འཛམ་གླིང་གི་དཔལ་འབྱོར་སྡེ་ཁག་གཙོ་བོ་ཡིན་པ་དང་། ཚང་མ་དཔལ་འབྱོར་གོ་ལ་ཅན་དང་རང་མོས་ཉོ་ཚོང་ལ་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་མཁན་ཡིན་ལ། ཕྱོགས་གཉིས་ཀྱི་དཔལ་འབྱོར་སྤྱི་འབོར་དེ་འཛམ་གླིང་དཔལ་འབྱོར་སྤྱི་འབོར་གྱི་གསུམ་ཆའི་གཅིག་ལས་བརྒལ་བས། དཔལ་འབྱོར་མཉམ་ལས་ཀྱི་འབྲེལ་བ་དམ་ཟབ་ཅིག་ཆགས་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱིས་རྒྱལ་སྤྱིའི་འགན་འཁྲི་ལག་བསྟར་བྱེད་ཅིང་། མཉམ་དུ་དཔལ་འབྱོར་གོ་ལ་ཅན་གྱི་རླབས་རྒྱུན་དང་རྒྱལ་སྤྱིའི་ཉོ་ཚོང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་། མཉམ་དུ་ཕྱོགས་རྐྱང་བའི་བཙན་གནོན་ཐབས་ལམ་ལ་ངོ་རྒོལ་བྱས་ཏེ། རང་ངོས་ཀྱི་ལུགས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་མ་ཟད་རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱས་ནས། རྒྱལ་སྤྱིའི་སྒྲིག་ལམ་དང་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་དགོས།
སང་ཆེ་སི་ཡིས་བསྟན་དོན། སི་ཕེན་དང་ཀྲུང་གོའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ20འཁོར་བའི་རིང་དུ། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། མཛའ་མཐུན་མཉམ་ལས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འཕེལ་རྒྱས་བཏང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག ཀྲུང་གོས་ཁྱད་དུ་འཕགས་པའི་གྲུབ་འབྲས་བླངས་ཏེ་འཛམ་གླིང་གི་དར་རྒྱས་བརྟན་འཇགས་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། སི་ཕེན་གྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་ལ། ཀྲུང་གོའི་ཕྱོགས་དང་མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པར་མ་ཟད། ཉོ་ཚོང་དང་དངུལ་གཏོང་། ཚན་རྩལ་གསར་གཏོད། ལྗང་མདོག་ནུས་ཁུངས་སོགས་ཁྱབ་ཁོངས་སུ་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཅིང་། སློབ་གསོ་དང་རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ནི་ཡོ་རོབ་མནའ་འབྲེལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན་པས། སི་ཕེན་གྱིས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཡོ་རོབ་ཕྱོགས་ཀྱིས་སྒོ་འབྱེད་ཀྱི་རང་མོས་ཉོ་ཚོང་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་ལ། ཕྱོགས་རྐྱང་དང་སྒོ་ཁྲལ་ཁ་སྣོན་སོགས་ལ་ངོ་རྒོལ་བྱེད་བཞིན་ཡོད། ཉོ་ཚོང་དམག་འཐབ་ལ་རྒྱལ་ཁ་ལེན་མཁན་མེད། ཛ་དྲག་རྙོག་འཛིང་གི་རྒྱལ་སྤྱིའི་གནས་བབ་ལ་ཁ་གཏད་ནས། སི་ཕེན་དང་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་ཕྱོགས་དང་མཐུན་སྦྱོར་མཉམ་ལས་བྱེད་པར་ཤུགས་སྣོན་པ་དང་། རྒྱལ་སྤྱིའི་ཉོ་ཚོང་སྒྲིག་རིམ་ལ་སྲུང་སྐྱོབ་བྱེད་པ་མ་ཟད། ནམ་ཟླའི་འགྱུར་ལྡོག་དང་དབུལ་ཕོངས་སོགས་འགྲན་སློང་ལ་ལག་རྡང་མཉམ་སྦྲེལ་གྱིས་ཁ་གཏད་འཇལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན།
ཕྱོགས་གཉིས་ཀྱིས་ད་དུང་ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་ཐད་ནས་བསམ་ཚུལ་བརྗེ་རེས་བྱས།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注