ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་ཁུལ་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་ཡི་མཚོ་བྱང་གི་ལག་ལེན་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པ་ནན་གྱིས་བསྟན།
ཟླ4པའི་ཚེས14ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་ཞིབ་དང་བཞུགས་མོལ་གནང་བར་སླེབས། པར་འདི་ནི་ཝུའུ་ཞའོ་ཅུན་གྱིས་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་དང་པོ་ཞིབ་བཟོ་རྟེན་གཞིའི་ཡན་ལག་བཟོ་གྲྭའི་གནའ་ཤུལ་གྱི་ཡུལ་དངོས་ནས་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད་བྱས་པའི་གནས་ཚུལ་ལ་གཟིགས་ཞིབ་གནང་བཞིན་པའི་ཚུལ་རེད། མཚོ་སྔོན་ཉིན་རེའི་ཚགས་པར་གྱི་མཉམ་འདྲེས་སྨྱན་སྦྱོར་གསར་འགོད་པ་ཀྲང་ཏུས་ཝེས་པར་བླངས།
ཟླ4པའི་ཚེས14ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཝུའུ་ཞའོ་ཅུན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་ཞིབ་དང་བཞུགས་མོལ་གནང་བར་སླེབས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་བཅོས་སྒྱུར་ལ་བརྟེན་ནས་གསོན་ཤུགས་འཕེལ་བ་དང་སྒོ་འབྱེད་ལ་བརྟེན་ནས་བར་མཐོངས་གཏོད་པ། གསར་གཏོད་ལ་བརྟེན་ནས་སྒུལ་ནུས་སྟོབས་ཆེར་བཏང་སྟེ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་གཏོང་དགོས་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་ཡི་མཚོ་བྱང་གི་ལག་ལེན་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཟེར།
མཚོ་བྱང་ཁུལ་ནི"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཀྱི་འབྱུང་གནས་ཡིན། ཝུའུ་ཞའོ་ཅུན་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་དང་པོ་ཞིབ་བཟོ་རྟེན་གཞིའི་ཡན་ལག་བཟོ་གྲྭའི་གནའ་ཤུལ་དང་སྨོན་ལམ་མཐོན་པོ་སྐྱེ་ཁམས་ཡུལ་སྐོར་གསར་བརྗེའི་ཉམས་ཞིབ་རྟེན་གཞིར་སླེབས་ནས་ཡུལ་དངོས་སུ་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད་བྱས་པའི་གནས་ཚུལ་ལ་གཟིགས་ཞིབ་གནང་སྟེ་བསྟན་དོན། གསར་བརྗེའི་རིག་གནས་དེ་སྐྱེ་ཁམས་ཡུལ་སྐོར་དང་གྲོང་གསེབ་དར་སྤེལ། སློབ་གསོ་ཉམས་ཞིབ་བཅས་དང་ཟུང་འབྲེལ་དམ་ཚགས་བྱེད་པར་སྐུལ་འདེད་གཏོང་བ་དང་། མཚོ་བྱང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་མཉམ་འདྲེས་འཕེལ་རྒྱས་ཡོང་བ་ཇེ་མགྱོགས་སུ་གཏོང་དགོས། མཚོ་བྱང་ཁུལ་མཐོ་སྒང་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དུ་ཝུའུ་ཞའོ་ཅུན་གྱིས་སྐྱེ་ཁམས་ཕྱུགས་ལས་ཀྱི་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར། སོན་བཟང་གསོ་སྤེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་སྟེ་བསྟན་དོན། ཚན་ཞིབ་སྟོབས་ཤུགས་མཉམ་འདུས་ཀྱིས་མཐོ་སྒང་འདེབས་འཛུགས་ལས་རིགས་འགྲེམས་སྟོན་བརྗེ་རེས་ལ་ཤུགས་སྣོན་པ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གདང་བསྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་དམངས་ཕྱུག་ཁྱད་ལྡན་ཐོན་ལས་ཀྱི་སྟོབས་མུ་མཐུད་རྒྱ་ཆེ་རུ་གཏོང་དགོས་ཟེར།
བཞུགས་མོལ་ཚོགས་འདུའི་ཐོག ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་རྗེས་མཚོ་བྱང་གིས་བླངས་པའི་བྱ་བའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་སྟེ་ནན་གྱིས་བསྟན་དོན། "ལྔ་བཅོ་ལྔ་པར"ཁ་ཕྱོགས་པ་དང་། དེང་རབས་ཅན་ལ་མདུན་སྐྱོད་བྱེད་དགོས་ཏེ། མཚོ་བྱང་འཕེལ་རྒྱས་གཏོང་རྒྱུ་དེ་མགོ་རྩོམ་ས་གསར་པར་སླེབས་པ་དང་ཕྱོགས་སོ་སོའི་བྱ་བ་འགག་རྩའི་དུས་མཚམས་གསར་པར་སླེབས་ཡོད་པས་སྤུས་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་ནང་གནས་ཀྱི་བླང་བྱ་ཞིག་རེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་ཐད་ཚད་གཞི་དེ་བས་མཐོ་བ་རྒྱུན་འཁྱོངས་དང་ཚད་བརྒལ་དེ་བས་ཆེ་བ་ཡོང་བར་བྱས་ཏེ་རེས་སྐོར་གསུམ་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་སྲུང་སྐྱོབ་དང་བཅོས་སྐྱོང་གི་བྱ་བ་སོ་སོ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྱོང་ཐད་དཔེ་སྟོན་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཚད་གཞི་དེ་བས་མཐོ་བ་རྒྱུན་འཁྱོངས་དང་རིགས་སྒྱུར་དེ་བས་མགྱོགས་པ་བྱ་རྒྱུར་སྐུལ་འདེད་བཏང་ནས་རང་ངོས་ཀྱི་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཁ་གཏད་རོགས་སྐྱོར་ལམ་སྲོལ་ཡག་པོ་སྤྱད་དེ་ཞིང་ཕྱུགས་ལས་ཀྱི"གཞི་རྩ"བརྟན་པོ་ཡོང་བར་བྱེད་པ་དང་སྐྱེ་ཁམས་ཡུལ་སྐོར་གྱི"གསོན་ཤུགས་གསར་པ"འཕེལ་བར་བྱས་ནས་གསར་བརྗེའི་ཡུལ་སྐོར་དང་ཉམས་ལེན། ཉམས་ཞིབ་སོགས"བར་སྟོང་གསར་བ"གསར་འབྱེད་བྱས་ཏེ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་མུ་མཐུད་སྟོབས་ཆེར་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་ཚད་གཞི་དེ་བས་མཐོ་བ་རྒྱུན་འཁྱོངས་དང་ཉམས་མྱོང་དེ་བས་ལེགས་པ་འཚོལ་ཞིབ་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་མགྱོགས་མྱུར་གཏོད་པ་དང་སྤུས་ཚད་དེ་བས་ལེགས་པའི་དུས་བདེའི་མཚོ་བྱང་འཛུགས་སྐྲུན་བྱས་ཏེ་ཁྲིམས་ལྟར་ཆོས་ལུགས་བྱ་བར་དོ་དམ་བྱ་རྒྱུར་ཤུགས་བསྣན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རྣམ་པར་བཞད་དུ་འཇུག་དགོས། དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་ཐད་ཚད་གཞི་དེ་བས་མཐོ་བ་རྒྱུན་འཁྱོངས་དང་བྱ་བ་དངོས་དེ་བས་མང་བ་ཡག་པོ་སྒྲུབ་པ་དང་། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འགན་ལེན་ལ་ཤུགས་བསྣན་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་བོ་བསྐྱར་ལོག་དང་དབུལ་བོ་མི་འབྱུང་བའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོར་སྲུང་དགོས་པ་དང་། སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི"སྡེ་བ་སྟོབས་ཆེར་གཏོང་བའི"བཟོ་སྐྲུན་ལག་བསྟར་ཡག་པོ་བྱེད་པ། མཁར་གྲོང་ཅན་གསར་པའི་འཕེལ་རྒྱས་ཀྱི་ཞན་ཆ་མགྱོགས་མྱུར་ངང་གསབ་ནས། མང་ཚོགས་ཀྱི་ཐོབ་སྐྱིད་བདེ་གསུམ་གྱི་སྣང་བ་མུ་མཐུད་མཐོ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་དཔོན་རིགས་ནན་སྐྱོང་གི་ཐད་ཚད་གཞི་དེ་བས་མཐོ་བ་རྒྱུན་འཁྱོངས་དང་བླང་བྱ་དེ་བས་ནན་མོ་དོན་འཁྱོལ་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ནས་ལས་བྱེད་པར་ལྟ་སྐུལ་དོ་དམ་བྱ་རྒྱུར་རྒྱུན་མཐུད་ཤུགས་བསྣན་ཏེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།
ཝང་ཏ་ནན་དང་ཀྲུའུ་ཞང་ཧྥིན་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注