འཛུགས་སྐྲུན་ཁག་གསུམ་ལ་མ་དངུལ་སྒོར་ཁྲི7515བཏང་ནས་མཚོ་བྱང་ཁུལ་གྱི་གྲོང་གསེབ་ཧྲིལ་བོའི་འཕེལ་རྒྱས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུར་རོགས་རམ་བྱས་པ།
ཉེ་ཆར། ཞིང་ཆེན་རིམ་པས་མཚོ་བྱང་ཁུལ་གྱི་མཐུན་མཛེས་གྲོང་གསེབ་འཛུགས་སྐྲུན་དང་རོང་འབྲོག་པའི་གནས་སྡོད་ཆ་རྐྱེན་ལེགས་བཅོས་བྱེད་པའི་བཟོ་སྐྲུན། རོང་འབྲོག་པའི་ཉེན་ཡོད་ཁང་པ་ཡོམ་འགོག་སྒྱུར་བཀོད་འཛུགས་སྐྲུན་ལས་འགན་གཤམ་སྤྲོད་བྱས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་སྒོར་ཁྲི7515དོན་འཁྱོལ་བྱས་ཏེ། མཚོ་བྱང་ཁུལ་གྱིས་ལོ་འཁོར་མོའི་འཛུགས་སྐྲུན་དམིགས་ཚད་དམ་འཛིན་བྱས་ནས་སྤུས་ཚད་ལ་ལྟ་སྐུལ་དོ་དམ་དང་། ལག་རྩལ་གྱི་མཛུབ་ཁྲིད་ཞབས་ཞུ་བཅས་ལ་སྔར་ལས་ཤུགས་བརྒྱབ་ནས་ལོ་འདིའི་ནང་ཚང་མ་འཛུགས་སྐྲུན་ལེགས་འགྲུབ་བྱ་རྒྱུའི་འགན་ལེན་བྱས་ནས་གྲོང་གསེབ་ཧྲིལ་བོའི་འཕེལ་རྒྱས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད།
སྡེ་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་མི་འདང་ས་ཁ་གསབ་བྱེད་པ། འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི2800དོན་འཁྱོལ་བྱས་ནས་ཁུལ་ཡོངས་ཀྱི་མཐུན་མཛེས་སྡེ་བ7འཛུགས་སྐྲུན་གྱི་ལས་གཞི་དོན་འཁྱོལ་བྱེད་དགོས། གཙོ་གནད་ཐོག་སྡེ་བའི་ནང་གི་བགྲོད་ལམ་སྒྱུར་བཀོད་དང་ཆུ་མཁོ་འདོན་འགན་ལེན། ཆར་ཆུ་བཞུར་སའི་རྐ། གད་སྙིགས་བསྡུ་རུབ་སོགས་ཁོར་ཡུག་འཕྲོད་བསྟེན་སྒྲིག་བཀོད་བཟོ་སྐྲུན་བཅས་ལག་བསྟར་བྱས་ནས་སྡེ་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་མི་འདང་ས་ཁ་གསབ་བྱས་ཏེ་གནས་འཕྲོད་ལས་འཚམ་གྱི་མཐུན་མཛེས་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་རེད།
རོང་འབྲོག་པའི་གནས་སྡོད་ཆ་རྐྱེན་མཐོ་རུ་གཏོང་བ། ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་སྒོར་ཁྲི4500དོན་འཁྱོལ་བྱས་ཏེ། རོང་འབྲོག་པའི་གནས་སྡོད་ཆ་རྐྱེན་ལེགས་བཅོས་བཟོ་སྐྲུན་ཁྱིམ་ཚང3000ལ་ལག་བསྟར་བྱེད་དགོས། གཙོ་གནད་ཐོག་རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་འགྲིམ་འགྲུལ་ལམ་རྒྱུད་དང་། མཚོ་སྐོར་བྱང་ངོགས་དང་ཡུལ་སྐོར་ལྗོངས་ཁུལ་མཐའ་འཁོར་གྱི་རོང་འབྲོག་པའི་ཁང་པའི་ཕྱི་རྩིག་ལ་དྲོད་སྲུང་པང་ལེབ་སྦྱོར་བ་དང་ཉི་ནུས་ཁྱམས་རིང་། ནུས་རྒྱུ་གྲོན་ཆུང་གི་སྒོ་དང་སྒེའུ་ཁུང་སོགས་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བའི་གནས་སྡོད་ཀྱི་བྱེད་ནུས་སྒྲིག་བཀོད་ལག་བསྟར་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་རྒྱུ་རེད།
སྡོད་ཁང་གི་བདེ་འཇགས་འགན་སྲུང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། 2025ལོར་རོང་འབྲོག་པའི་ཡོམ་འགོག་སྒྱུར་བཀོད་འཛུགས་སྐྲུན་ལས་འགན་ཁྱིམ་ཚང98ལ་དོན་འཁྱོལ་བྱེད་པར་བརྩོན་ལེན་བྱེད་པ་དང་། ཁ་གསབ་མ་དངུལ་སྒོར་ཁྲི215དོན་འཁྱོལ་བྱས་ཏེ་རོང་འབྲོག་པའི་སྡོད་ཁང་གསར་སྐྲུན་དང་སྒྱུར་བཀོད་བྱས་ནས་ཁང་པའི་ཡོམ་འགོག་ནུས་པ་མཐོ་རུ་གཏོང་བར་ཤུགས་བསྣན་ཏེ། རོང་འབྲོག་པའི་སྡོད་ཁང་བདེ་འཇགས་འགན་ལེན་བྱེད་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注