2025ལོའི་མཚོ་བྱང་མདོ་ལ་རི་བོ་དང་མཚོ་སྔོན་པོའི་བྱ་གཟིགས་དུས་ཚིགས་ཀྱི་བྱེད་སྒོ་འཚོགས་མགོ་བརྩམས།
ཟླ4པའི་ཚེས14ཉིན། 2025ལོའི་མཚོ་བྱང་མདོ་ལ་རི་བོ་དང་མཚོ་སྔོན་པོའི་བྱ་གཟིགས་དུས་ཚིགས་བྱེད་སྒོ་མགོ་བརྩམས་མཛད་སྒོ་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞིར་འཚོགས། ཐེངས་འདིའི་བྱེད་སྒོ་ནི་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་བྱང་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་དང་། རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། སློབ་གསོ་ཅུས་བཅས་ཀྱིས་མཉམ་དུ་འགན་སྒྲུབ་བྱས། དེའི་དམིགས་ཡུལ་ནི་བྱ་གཅེས་བྱ་སྲུང་གི་འདུ་ཤེས་དར་སྤེལ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མཚོ་བྱང་ཁུལ་ནི་མདོ་ལ་རི་བོ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ལྟེ་བའི་ཁུལ་ཡིན་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་མངོན་པར་བྱ་རྒྱུ་དེ་རེད།
ཁུལ་དཔོན་གཞོན་པ་ཧན་ཧྲིས་བྱ་གཟིགས་དུས་ཚིགས་ཀྱི་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་བྱ་གཟིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཝང་ཅན་ཐིན་གྱིས་བྱ་གཅེས་བྱ་སྲུང་གི་ཚན་རིག་ཁྱབ་གདལ་ཤེས་བྱར་འགྲེལ་བཤད་བརྒྱབ།
མགོ་རྩོམ་མཛད་སྒོའི་ཐོག གཙོ་སྒྲུབ་ཕྱོགས་ཀྱིས་བྱ་རིགས་ཀྱི་ཚན་རྩལ་ཁྱབ་གདལ་བརྙན་ཐུང་སྟོན་པ་དང་བྱ་གཅེས་བྱ་སྲུང་གི་ཤེས་བྱར་འགྲེལ་བཤད་རྒྱག་པ། སྲུང་སྐྱོབ་གྲོས་འདོན་ཡི་གེ་སྒྲོག་འདོན་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད་སྤྱི་དམངས་ལ་བྱ་རིགས་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་ཁྱབ་གདལ་བཏང་། མཚོ་བྱང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མའི་འཐུས་མིས་གཏམ་བཤད་སྤེལ་ནས་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་བྱ་རིགས་ཀྱི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བྱས་པ་དང་། བྱེད་སྒོའི་ནང་ཞུགས་པའི་སློབ་གྲོགས་ཚོས་ཡུལ་དངོས་སུ་ཚོན་མདངས་རྣམ་པར་བཀྲ་བའི་བྱ་རིགས་ཀྱི་རི་མོ་བྲིས་ནས་རང་བྱུང་ཁམས་ལ་དགའ་ཞེན་བྱེད་ལུགས་མཚོན་པར་བྱས་པ་དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་འཐུས་མིས་བརྗིད་ཉམས་ལྡན་པའི་ངང་དམ་བཅའ་བཞག་ནས་རང་འགན་གཙང་སྒྲུབ་ཀྱིས་རི་སྐྱེས་སྲོག་ཆགས་འཚོ་གནས་ཁུལ་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས། མཚོ་བྱང་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་བྱེད་པས་བྱ་གཅེས་བྱ་སྲུང་གི་སྒྲོག་འགྲེལ་བྱས་པ་དང་འབྲེལ་ཡུལ་དངོས་ནས<<མཚོ་བྱང་ཁུལ་གྱི་བྱ་རིགས་སྲུང་སྐྱོབ་ཀྱི་གྲོས་འདོན་ཡི་གེ>>བཀྲམས།
མགོ་རྩོམ་མཛད་སྒོ་མཇུག་སྒྲིལ་རྗེས། མཚོ་སྔོན་པོའི་བྱ་གཅེས་མཐུན་ཚོགས་ཀྱི་ཚོགས་མི་དང་པར་ལེན་དགའ་མཁན་ཚོས་མཚོ་སྔོན་པོའི་མཚོ་འགྲམ་གྱི་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་གསར་བརྗེའི་ཉམས་ཞིབ་ས་ཚིགས་སོགས་སུ་བསྐྱོད་དེ་བྱ་གཟིགས་དང་པར་ལེན་བྱེད་སྒོ་སྤེལ་བ་དང་། བྱེད་སྒོར་ཞུགས་མཁན་གཞན་དག་གིས་ཀྱང་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི་དང་མཚོ་སྔོན་པོའི་མཚོ་འགྲམ་དུ་རང་མོས་ངང་བྱ་གཟིགས་གནང་།
ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་གདན་ཞུས་སྐུ་མགྲོན་བྱེད་སྒོར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注