2025ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུ།
——2025ལོའི་ཟླ3ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ལི་ཆང་།
འཐུས་མི་རྣམ་པ།
ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་གནང་རོགས་ཞུ་རྒྱུ་ཡིན།
གཅིག །2024ལོའི་ལས་དོན་ཕྱིར་དྲན་བྱེད་པ།
འདས་ཟིན་པའི་ལོ་གཅིག་རིང་། རང་རྒྱལ་འཕེལ་རྒྱས་བྱུང་རིམ་ནི་སྤྱིར་བཏང་ཞིག་གཏན་ནས་མིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་བྱས་པ་རེད། ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱལ་གཅེས་སྤྲོ་སེམས་དང་འབད་འཐབ་སྙིང་སྟོབས་སྐུལ་སློང་ཆེན་པོ་བྱས་ཡོད། ལོ་གཅིག་གི་རིང་། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཇེ་ཆེ་དང་ནང་ཁུལ་གྱི་དཀའ་ངལ་ཇེ་མང་དུ་ཕྱིན་པའི་རྙོག་འཛིང་དང་ཛ་དྲག་ཆེ་བའི་གནས་བབ་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག །རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འབུངས་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་བརྟན་པོའི་ངང་འཕེལ་རྒྱས་བཏང་ཡོད། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གོམ་སྟབས་གསར་པ་བརྟན་པོ་སྤོས་པས། ང་ཚོའི་དུས་རབས་གསར་པ་དང་འཐབ་ལམ་གསར་པར་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད།
“བརྟན་”གྱི་རྣམ་པ་སྲ་བརྟན་དང་རྒྱུན་མཐུད་བྱུང་ཡོད། མཚོན་ཚུལ་གཙོ་བོ་ནི་དཔལ་འབྱོར་གཞི་ཁྱོན་བརྟན་པོའི་ངང་རྒྱ་བསྐྱེད་དེ། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི134.9ཟིན་ནས5%འཕར་བ་དང་། འཕར་ཚད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོའི་མདུན་གྲལ་དུ་སླེབས་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཡོང་བར་བྱས་རྗེས་འཇོག་ཚད30%ཡས་མས་རྒྱུན་འཁྱོངས་བྱས། ལས་ཞུགས་དང་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་བྱུང་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི1256གསར་དུ་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་ཆ་སྙོམས་སུ5.1%ཡིན་ཞིང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང0.2%འཕར་ཡོད། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་བྱུང་སྟེ། ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། རྒྱལ་སྤྱིའི་ཚོང་རའི་ཐོབ་སྐལ་བརྟན་ཐོག་ཡར་འཕར་བྱུང་བ་དང་། ཕྱི་དངུལ་གསོག་འཇོག་ཨ་སྒོར་དུང་ཕྱུར་ཁྲི3.2ལས་བརྒལ་ཡོད། དམངས་འཚོ་འགན་སྲུང་བརྟན་པོ་བྱུང་སྟེ། སྡོད་དམངས་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དངོས་སུ5.1%འཕར་ཡོད། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་རྒན་གསོ། གཞི་རྩའི་སྨན་བཅོས། སྤྱི་ཚོགས་རོགས་སྐྱོབ་སོགས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འདུམ་སེལ་གོ་རིམ་ལྡན་པ་དང་ཕན་ནུས་ལྡན་པ་བྱུང་བ་དང་། སྤྱི་ཚོགས་སྤྱི་ཡོངས་བརྟན་བརླིང་མཐའ་འཁྱོངས་བྱས་ཡོད།
“འཕེལ་”བའི་གོམ་སྟབས་བརྟན་པོ་དང་ནུས་ལྡན་བྱུང་ཡོད། མཚོན་ཚུལ་གཙོ་བོ་ནི་ཐོན་ལས་རིམ་སྤར་ལ་འཕེལ་སྐྱེད་གསར་པ་བྱུང་སྟེ། འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི1.4ཡི་སྐས་རིམ་གསར་པར་ཐོག་མར་སླེབས་པ་དང་མུའུ་རེའི་ཐོན་ཚད་རྒྱ་མ10.1འཕར་ཡོད། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སོ་སོར8.9%དང7.7%འཕར་བ་དང་། ནུས་ཁུངས་གསར་པའི་རླངས་འཁོར་གྱི་ལོ་རེའི་ཐོན་ཚད་ཁྲི1300ལས་བརྒལ་ཡོད། ཆ་འཕྲིན་བརྒྱུད་གཏོང་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས། བོགས་མར་གཏོང་ལེན་དང་ཚོང་དོན་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སོ་སོར10.9%དང10.4%འཕར་ཡོད། གསར་གཏོད་བྱེད་ནུས་ལ་མཐོར་འདེགས་གསར་པ་བྱུང་སྟེ། འདུས་གྲུབ་གློག་ལམ་དང་། མིས་བཟོས་རིག་ནུས། ཚད་རྡུལ་ཚན་རྩལ་སོགས་ཁྱབ་ཁོངས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། “ཟླ་བའི་ལྷ་མོ་ཨང་དྲུག་པ་”ཡིས་མིའི་རིགས་ཀྱིས་ཐེངས་དང་པོར་ཟླ་བའི་གོ་ལའི་རྒྱབ་ངོས་ནས་དཔེ་ལེན་ཕྱིར་ལོག་མངོན་འགྱུར་བྱུང་བ་དང་། “ཕུགས་འདུན་”རྟགས་ཅན་གྱི་རྒྱ་མཚོ་ཆེན་པོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་བསྐྲུན་ཚར་ནས་གྲལ་དུ་བཙུད། ལག་རྩལ་གན་རྒྱའི་ཚོང་འགྲིག་དངུལ་གྲངས11.2%འཕར་ཡོད། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་ལེགས་བཅོས་གསར་པ་བྱུང་སྟེ། ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་ཕྲ་རྡུལ(PM2.5)གར་ཚད་ཆ་སྙོམས2.7%ཆག་པ་དང་། སྤུས་ལེགས་ཉིན་གྲངས་ཀྱི་བསྡུར་ཚད87.2%བར་འཕར་ཡོད། ས་ངོས་ཆུ་སྤུས་བཟང་པོའི་བཅད་ངོས་ཀྱི་བསྡུར་ཚད90.4%བར་མཐོ་རུ་ཕྱིན་ཡོད། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་ཆག་ཚད3%ལས་བརྒལ་བ་དང་། བསྐྱར་སྐྱེ་ཐུབ་པའི་ནུས་ཁུངས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་སྟོང་ཝ་དུང་ཕྱུར3.7གསར་སྣོན་བྱུང་། སྒྱུར་བཅོས་སྒོ་འབྱེད་ལ་ཐོད་བརྒལ་གསར་པ་བྱུང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་སྒྱུར་བཅོས་བཀོད་སྒྲིག་དོན་འཁྱོལ་ནུས་ལྡན་ཏན་ཏིག་བྱས། སྒྲིག་གཞི་སྒྱུར་བཅོས་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་པ་དང་། ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་བཞིན་ཕྱིར་འགྱངས་བྱེད་པ་སོགས་ཀྱི་སྒྱུར་བཅོས་བྱེད་ཐབས་གནད་ཆེན་གཅིག་རྗེས་གཉིས་མཐུད་དུ་བཏོན། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་དངུལ་ཞུགས་འཐུས་ཚོད་འཛིན་བྱེད་ཐབས་ཚང་མ་མེད་པར་བཟོས།“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྱི་ཚོང་དོན་དངུལ་འཇོག་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་སྐྱེད་རིམ་སྤར་བྱས་ཡོད།
འདས་ཟིན་པའི་ལོ་གཅིག་ལ་ཕྱིར་དྲན་བྱས་ཚེ། གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན། ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ངན་པ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། རྒྱལ་ནང་དུ་དུས་ཡུན་རིང་པོར་གསོག་འཇོག་ཐེབས་པའི་གཏིང་རིམ་གྱི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་ཁག་ཅིག་གཅིག་བསྡུས་སུ་མངོན་ཞིང་། ནང་མཁོ་མི་འཕར་བ་དང་། སྔོན་དཔག་ཅུང་ཞན་པ་སོགས་ཀྱི་གནད་དོན་བསྣོལ་མར་གནས་ཡོད། ས་ཁུལ་ཁ་ཤས་སུ་ཆུ་ལོག་དང་ཞོད་སྐྱོན་སོགས་རང་བྱུང་གནོད་འཚེ་ཡང་ཡང་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཁོར་སྐྱོད་ཡོང་བ་མཐའ་འཁྱོངས་བྱེད་པའི་དཀའ་ཁག་ཇེ་ཆེར་གྱུར། དཀའ་ངལ་དང་འགྲན་སློང་མང་པོའི་མདུན་དུ་ང་ཚོས་བསགས་འབོར་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྤྱི་ཁོག་སྙོམ་སྒྲིག་དུས་ཐོག་ཏུ་ལེགས་སྒྱུར་བྱས་ནས་ཕན་ནུས་ལྡན་པའི་སྒོ་ནས་ཁ་གཏད་ཧུར་ཐག་བཅལ་ཡོད། ལྷག་པར་དུ་ཟླ་9ཚེས་26ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་བློ་ཐག་ཆོད་པོས་བཀོད་སྒྲིག་བྱས་པའི་འཕར་འབོར་སྲིད་ཇུས་སྡེབ་གཅིག་མ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། དཔལ་འབྱོར་མངོན་གསལ་དོད་པོས་བསྐྱར་འཕར་ཡོང་བར་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་ཀྱི་ཡིད་ཆེས་ནུས་ལྡན་ངང་ཆེ་རུ་བསྐྱེད་པས། ལོ་ཧྲིལ་པོའི་དམིགས་འབེན་མངོན་གྱུར་བྱེད་པར་སྐུལ་སྤེལ་བཏང་ཡོད་ལ། ད་ལོའི་འཕེལ་རྒྱས་ལའང་རྨང་གཞི་ལེགས་པོ་བཏིང་ཡོད། བརྒྱུད་རིམ་འདིའི་ཁྲོད་དུ། ང་ཚོར་དཔལ་འབྱོར་ལས་དོན་ལ་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་བྱུང་ཞིང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པར་སྔར་བས་ངོས་ཟིན་ཐོབ་ཡོད་པས། ནུས་ལྡན་ཚོང་ར་དང་ལས་བརྩོན་སྲིད་གཞུང་། སྤྱིའི་འདོན་སྤྲོད་དང་སྤྱིའི་དགོས་མཁོ། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྒུལ་ནུས་རྙིང་པ་གསར་སྒྱུར། འཕར་འབོར་ལེགས་སྒྱུར་དང་བསགས་འབོར་འཁྲུག་གཏོང་། སྤུས་ཚད་མཐོར་འདེགས་དང་སྤྱི་འབོར་ཆེར་སྐྱེད་བཅས་ཀྱི་འབྲེལ་བ་ངེས་པར་དུ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས། ལག་ལེན་དངོས་ལས་སླར་ཡང་ར་སྤྲོད་བྱུང་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག །རྒྱལ་ཡོངས་གོང་འོག་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱས་ན། རང་རྒྱལ་གྱི་འཕེལ་རྒྱས་ལ་སྒྲོལ་མི་ཐུབ་པའི་དཀའ་གནད་ཅིག་མེད།
ལོ་གཅིག་གི་རིང་ལ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་། ཏང་གི་འགོ་ཁྲིད་ཉིད་སྲིད་གཞུང་གི་ལས་དོན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས་གཙོ་བོ་གཤམ་གསལ་གྱི་ལས་དོན་ཁག་བསྒྲུབས་ཡོད།
གཅིག་ནི་ཡུལ་དུས་ལ་བསྟུན་ནས་སྤྱི་ཁོག་སྙོམ་སྒྲིག་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ། དཔལ་འབྱོར་བསྐྱར་འཕར་ལེགས་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། ན་ནིང་གི་དུས་ཚིགས་དང་པོར་དཔལ་འབྱོར་འགོ་ཡག་པོ་བརྩམས་ཡོད་མོད། འོན་ཀྱང་རྒྱལ་ཁབ་ཕྱི་ནང་གི་ཕྱོགས་མང་པོའི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་དུས་ཚིགས་གཉིས་པར་སླེབས་རྗེས་དམིགས་ཚད་གཙོ་བོ་བསྟུད་མར་ཆག་པ་དང་། མར་ཆག་པའི་གནོན་ཤུགས་ཆེ་རུ་ཕྱིན་ཡོད། ང་ཚོས་དུས་འཁོར་ལས་ལྡོག་པའི་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་དམིགས་གཏད་རང་བཞིན་ལྡན་པའི་སྲིད་ཇུས་ལག་བསྟར་བྱས་ཤིང་། བསགས་འབོར་དང་འཕར་འབོར་སྲིད་ཇུས་དོན་འཁྱོལ་དམ་འཛིན་བྱས་ཏེ། དགོས་མཁོ་ཅུང་མགྱོགས་མྱུར་ངང་བསྐྱར་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། ཐོན་སྐྱེད་འཕར་ཚད་མགྱོགས་སུ་ཕྱིན་པ་དང་། ཚོང་རའི་སྔོན་དཔག་མངོན་གསལ་དོད་པོས་ལེགས་བཅོས་བྱུང་། ལོ་ཧྲིལ་པོའི་དཔལ་འབྱོར་འཁོར་སྐྱོད་ལ་སྔོན་མཐོ་བར་དམའ་མཇུག་འཕར་གྱི་རྣམ་པ་ཐོན་ཡོད། ནོར་སྲིད་ཀྱི་དངུལ་ལོར་སྲིད་ཇུས་ལག་བསྟར་ནུས་ལྡན་བྱས་པ་དང་། གཏོང་སྒོའི་གཞི་ཁྱོན་རྒྱ་བསྐྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ནོར་ཤུགས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། བཅོལ་དངུལ་གྲབས་གསོག་བྱེད་ཚད་དང་སྲིད་ཇུས་ཀྱི་སྐྱེད་ཚད་ཐེངས་གཉིས་ཕབ་པ་དང་། སྤྱི་ཚོགས་ཀྱི་དངུལ་སྡུད་མ་གནས་སྔར་བས་དམའ་རུ་བཏང་ཡོད། ཕན་ནུས་ལྡན་པའི་དགོས་མཁོ་རྒྱ་སྐྱེད་གཏོང་བར་དམིགས་ནས་“གནད་གཉིས་”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། “གསར་གཉིས་”ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས། སྒྲིག་ཆས་ཉོ་སྒྲུབ་ཐད་མ་དངུལ་འཇོག་གྲངས15.7%འཕར་བ་དང་། ཁྱིམ་སྤྱོད་གློག་ཆས་རིགས་ཀྱི་ཚོང་ཟོག་སིལ་ཚོང་བྱེད་གྲངས12.3%འཕར། ས་ཁང་ཐོན་ལས་ཚོང་ར་ཆག་ཆད་བསྐྱར་བརྟན་ཡོང་བར་སྐུལ་འདེད་བཏང་སྟེ། སྡོད་ཁང་དངུལ་བུན་གྱི་སྐྱེད་ཚད་དང་ཐོག་མའི་གཏོང་སྤྲོད་བསྡུར་ཚད་དམའ་རུ་བཏང་བ་དང་། སྡོད་དམངས་ཀྱི་བསགས་འབོར་ཁང་བུན་གྱི་སྐྱེད་ཀའི་ལོ་རེའི་གཏོང་སྒོ་ཧ་ལམ་སྒོར་དུང་ཕྱུར1500ཉུང་དུ་བཏང་ཡོད། ཉོ་ཚོང་ལྷུ་ཚིགས་ཀྱི་ཁྲལ་གྲོན་ཆུ་ཚད་དམའ་རུ་བཏང་བ་དང་། སྡོད་ཁང་རྩིས་སྤྲོད་འགན་ལེན་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། མ་རྩའི་ཚོང་ར་བརྟན་བརླིང་ཧུར་ཐག་བཏང་བ་དང་། རྨང་གཞིའི་རང་བཞིན་གྱི་ལམ་ལུགས་གང་མགྱོགས་འཐུས་ཚང་དུ་བཏང་། བརྗེ་རེས་སྟབས་བདེ་དང་། ཕྱིར་ཉོ་འཕར་འཛིན་གྱི་དངུལ་བུན་བསྐྱར་མ་སོགས་ཀྱི་ཡོ་བྱད་གསར་འཛུགས་བྱས་པས་ཚོང་རའི་འཁྲུག་ཆ་ཆེ་རུ་ཕྱིན་ཡོད། ས་གནས་ཀྱི་ཆེད་དམིགས་བུ་ལོན་བཅད་གྲངས་ཐེངས་གཅིག་རང་བཞིན་དུ་སྒོར་དུང་ཕྱུར་ཁྲི་6མང་དུ་བཏང་ནས་བསགས་འབོར་མངོན་མེད་བུ་ལོན་ལ་བརྗེ་ལེན་བྱས། ས་གནས་ཀྱི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་སྒྱུར་བཅོས་ཀྱི་ཉེན་ཁ་སེལ་བར་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད།
གཉིས་ནི་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་ཡོད། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་རར་འགོག་རྐྱེན་བཟོ་བའི་གཏན་འབེབས་དང་སྒྲུབ་སྟངས་གཙང་བཤེར་དང་རྩིས་མེད་དུ་བཏང་ཞིང་། དྲང་སྙོམས་འགྲན་རྩོད་ཀྱི་ཞིབ་བཤེར་སྲོལ་ཡིག་གཏན་འབེབས་དང་ལག་བསྟར་བྱས་པ་དང་། ས་གནས་ཀྱི་ཚོང་འགུག་དངུལ་འདྲེན་ཚད་ལྡན་དུ་གཏོང་བའི་བྱེད་ཐབས་བཏོན་ཡོད། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་སྤེལ་དང་། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་རྒྱུན་མཐུད་ལེགས་སྒྱུར་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་མ་ཟིན་གྲོས་ཞིབ་གནང་བྱར་ཕུལ་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ལེགས་བཅོས་བྱས་ཡོད། ཕྱི་ཕྱོགས་ཉོ་ཚོང་གི་འཕར་གཞི་གསར་པ་རྒྱ་སྐྱེད་ཧུར་ཐག་བཏང་བ་དང་། ཕྱིར་གཏོང་ནང་འདྲེན་གྱི་གྲུབ་ཚུལ་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་གིས་དཔལ་འབྱོར་འཕར་སྣོན་ཡོང་བར་བྱས་རྗེས་སྔར་ལས་ཆེ་བ་བཞག་ཡོད། རྒྱལ་ཁོངས་ལས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱའི་གསལ་ཐོ་ཕྱོགས་ཡོངས་ནས་ལག་བསྟར་བྱས། གནས་ཐང་འཕར་བའི་གློག་འཕྲིན་དང་། སྐྱེ་དངོས་ལག་རྩལ། མ་དངུལ་ཁེར་འཇོག་སྨན་ཁང་བཅས་སྒོ་འབྱེད་ཚོད་ལྟ་བྱས། ཕྱོགས་རྐྱང་སྒོ་མོ་འབྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཡོད་པའི་དར་རྒྱས་ཞན་ཤོས་ཀྱི་རྒྱལ་ཁབ་ཀྱི་ཐོན་རྫས་ཚང་མར་ཕྱོགས་ཡོངས་ནས་སྒོ་ཁྲལ་མེད་པའི་ཐོབ་ཐང་སྤྲད་ཡོད། ཕྱོགས་རྐྱང་མཆན་བཅག་རྒྱལ་ཁབ་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་བཏང་བ་དང་། རྒྱལ་ཁོངས་བརྒྱུད་པར་མཆན་བཅག་བྱས་ནས་མངའ་ཁོངས་ནང་དུ་སྡོད་ཆོག་པའི་དུས་ཚོད་ཆུ་ཚོད་240བར་རིང་དུ་བཏང་བས། རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་རྒྱུན་མཐུད་ངང་མང་དུ་ཕྱིན་ཡོད། སྤུས་ཚད་མཐོ་བའི་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ལས་གྲྭ་གནད་ཆེན་དང་དམངས་འཚོའི་ལས་གཞི་ཁག་ཅིག་བརྟན་པོའི་ངང་ལག་བསྟར་བྱས་ཡོད།
གསུམ་ནི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་རིམ་སྤར་ལ་སྐུལ་སྤེལ་བཏང་ཡོད། ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དམིགས་ལས་གཞི་གནད་ཆེན་ལག་བསྟར་བྱེད་འགོ་བཙུགས། ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གནད་ཆེན་གྱི་མ་ལག་གང་མགྱོགས་འཐུས་ཚང་དུ་བཏང་བ་དང་། རྩེར་སོན་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། བཟོ་ལས་དཔལ་འབྱོར་འཁོར་སྐྱོད་བརྟན་བརླིང་བཏང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་སྒྱུར་བཀོད་རིམ་སྤར་བྱེད་པར་སྐུལ་འདེད་བཏང་སྟེ། བཟོ་སྐྲུན་ལས་རིགས་ལ་མ་དངུལ་འཇོག་གྲངས་9.2%འཕར་ཡོད། རྒྱལ་ཁབ་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་ཁག་ཅིག་གསར་དུ་སྐྱེད་སྲིང་བྱས་ཏེ། ཚོང་ལས་མཁའ་སྐྱོད་དང་། བྱང་སྐར་ཉེར་སྤྱོད། གསོག་ནུས་དཔེ་གསར་སོགས་གསར་དར་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་སོགས་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཚད་གཞི་གཏན་འབེབས་དང་བཟོ་བཅོས་བྱས་ཡོད། གྲངས་ཀའི་ཀྲུང་གོ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། གྲངས་ཀའི་དཔལ་འབྱོར་གྱི་སྲོག་ཤིང་ཐོན་ལས་ཀྱི་འཕར་ཐང་གིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཟིན་པའི་བསྡུར་ཚད10%ཡས་མས་སུ་སླེབས་ཡོད།
བཞི་ནི་གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་ཁག་བར་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ། དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་འཐབ་ཇུས་ཀྱི་ལོ་ལྔའི་བྱ་སྤྱོད་འཆར་གཞི་དངོས་སུ་བཏོན་ནས་ལག་བསྟར་བྱས་པ་དང་། གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད67%བར་མཐོ་རུ་བཏང་ཡོད། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞིང་ལས་རྨང་གཞི་བརྟན་དུ་བཏང་བ་དང་། གནོད་འགོག་གནོད་སེལ་དང་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བརྟན་པོའི་ངང་མཐོར་འདེགས་བྱུང་ཞིང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་གྲུབ་འབྲས་གསར་པ་ཐོབ་ཡོད། ས་ཁོངས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཁག་ཅིག་བཏོན་པ་དང་། ས་ཁོངས་ཀྱི་ལས་གཞི་གནད་ཆེན་ཁག་ཅིག་ལག་བསྟར་བྱས། གཙོ་ནུས་ཐོན་ཁུལ་གྱི་ལམ་ལུགས་སྲིད་ཇུས་ཆ་ཚང་དུ་བཏང་བ་དང་། ས་ཁོངས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་འཕེལ་སྐྱེད་གསར་པ་ཐོབ་ཡོད།
ལྔ་ནི་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཧུར་ཐག་བཏང་སྟེ་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་ཡོད། སྤུས་ཚད་མཐོ་བའི་ལས་ཞུགས་འབེལ་པོ་ཡོང་བར་སྐུལ་སྤེལ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དངོས་སུ་བཏོན་ཏེ། ཁེ་ལས་ཀྱིས་ལས་ཞུགས་བསྡུ་ལེན་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། མཐོ་སློབ་སློབ་ཐོན་སློབ་མ་དང་། དབུལ་བྲལ་མི་འབོར། གླ་རྒྱག་ཞིང་པ་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་བརྟན་བརླིང་མཐའ་འཁྱོངས་བྱས་ཡོད། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་དཔལ་འབྱོར་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མའི་འཚོ་བའི་གསབ་དངུལ་ཚད་གཞི་མཐོ་རུ་བཏང་ཡོད། རྒྱལ་ཁབ་ཀྱི་སྦྱངས་འབྲས་བྱ་དགའ་དང་སློབ་སྐྱོར་རོགས་དངུལ་ཚད་འདེགས་ཁྱོན་སྐྱེད་དང་སློབ་རོགས་དངུལ་བུན་གྲངས་སྤར་སྐྱེད་གཅོག་བཏང་ནས་སློབ་མ་མི་ཐེངས་ཁྲི3400ལྷག་ལ་ཕན་པ་ཐོབ་ཡོད། “གཉིས་འཕྲི་”ཡི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། རྨང་གཞིའི་སློབ་གསོའི་སྐྱེ་ཁམས་རྒྱུན་མཐུད་དུ་ལེགས་སྒྱུར་བྱས། སྨན་བཅོས་སྒྲིག་གཞིས་ཞིབ་བཤེར་དང་བརྟག་དཔྱད་བྱས་འབྲས་ཕན་ཚུན་ཁས་ལེན་བྱེད་པར་སྐུལ་འདེད་བཏང་ཞིང་། གཞི་རིམ་གྱི་གཅོང་ནད་དང་རྒྱུན་ཐོན་ནད་རིགས་ཀྱི་སྨན་སྤྱོད་རིགས་སྣ་ཇེ་མང་དུ་བཏང་ཡོད། གཙོ་གནད་འགོས་ནད་འགོག་བཅོས་ལེགས་སྒྲུབ་ཏན་ཏིག་བྱས། ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་སྒེར་གྱི་རྩིས་ཁྲའི་རོགས་རེས་བྱེད་རྒྱ་ཆེ་རུ་བཏང་ཡོད། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་འཚོ་དངུལ་དང་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་ཇེ་མཐོར་བཏང་། རྒན་གསོའི་ཞབས་ཞུའི་སྒྱུར་བཅོས་ཟབ་སྤེལ་བྱས་པ་དང་། སྐྲ་དཀར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་གཏན་འབེབས་བྱས། དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་། གཟིགས་སྐྱོང་གསབ་དངུལ་ཚད་གཞི་མཐོ་རུ་བཏང་ཡོད། མ་མཐའི་འཚོ་རྟེན་འགན་སྲུང་གི་ཚད་གཞི་གཏན་འཁེལ་དང་ལེགས་སྒྲིག་བྱེད་པའི་ལམ་སྲོལ་ཆ་ཚང་དུ་བཏང་བ་དང་། རོགས་སྐྱོབ་བྱ་ཡུལ་གྱི་ཁྱབ་ཁོངས་རྒྱ་སྐྱེད་བཏང་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་གསབ་དངུལ་སྤྲད་པས་མི་ཁྲི1100ལྷག་ལ་ཕན་པ་ཐོབ་ཡོད། རྒྱལ་ཡོངས་ཀྱི་ལོ་གསར་དང་དུས་ཆེན་དང་རྗེས་དྲན་ཉིན་མོར་གུང་གསེང་གཏོང་ཐབས་འཐུས་ཚང་དུ་བཏང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བཏང་བས། རིག་གནས་དང་ཡུལ་སྐོར་ཚོང་ར་རྒྱུན་མཐུད་ངང་འཁྲུག་ཆ་དོད་པོ་བྱུང་ཡོད། ཨེ་ཤ་ཡའི་དགུན་ཁའི་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་གྲ་སྒྲིག་དང་སྒྲུབ་གཉེར་ཏན་ཏིག་བྱས་ཤིང་། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་བདེ་བླག་ངང་གཉེར་བ་དང་། རང་རྒྱལ་གྱི་ལུས་རྩལ་པ་རྣམས་ལ་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཐོག་མངའ་ཁོངས་ཕྱིའི་འགྲན་བསྡུར་ལ་ཞུགས་པའི་གྲུབ་འབྲས་ཡག་ཤོས་ཐོབ་ཡོད།
དྲུག་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རྒྱུན་མཐུད་ངང་ཤུགས་བརྒྱབ་སྟེ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྦགས་བཙོག་དངོས་རིགས་གཙོ་བོ་འབུད་ཚད་མུ་མཐུད་ཆག་ཡོད། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་ཉམས་གསོའི་ལས་གྲྭ་གནད་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཐང་རྒོད་ཅན་དུ་འགྱུར་བ་དང་བྱེ་འགྱུར་ས་ཞིང་གི་རྒྱ་ཁྱོན་རྒྱུན་མཐུད་ངང་“ཁུ་བསྡུ་གཉིས་”བྱུང་ཡོད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད་པ་དང་། རྩ་ཆེ་ཞིང་རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རིགས་ཁྱུ་འབོར་ཆེན་བརྟན་པོའི་ངང་འཕར་སྣོན་བྱུང་ཡོད། གཙོ་གནད་ལས་རིགས་ཀྱི་ནུས་བསྲི་ཐཱན་གཅོག་སྒྱུར་བཀོད་ལ་སྐུལ་འདེད་བཏང་བ་དང་། ནུས་ཁུངས་གསར་པ་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་བཏང་། འགྱུར་རྡོ་མིན་པའི་ནུས་ཁུངས་ཀྱི་གློག་འདོན་ཚད་ཀྱིས་གློག་འདོན་ཚད་བསྡོམས་འབོར་གྱི40%ལ་ཉེ་བ་ཟིན་ཡོད། རྒྱལ་ཡོངས་ཀྱི་དྲོད་ཁང་རླངས་གཟུགས་རང་མོས་ངང་འབུད་ཚད་ཉུང་དུ་གཏོང་བའི་ཉོ་ཚོང་ཚོང་ར་ཕྱེས་ཡོད། རྒྱལ་ཡོངས་ཀྱི་ཐཱན་འབུད་གཏོང་དབང་ཆའི་ཉོ་ཚོང་སྔར་ལས་འཁྲུག་པོ་བྱུང་ཡོད།
བདུན་ནི་སྲིད་གཞུང་འཛུགས་སྐྲུན་དང་བཅོས་སྐྱོང་གསར་གཏོད་ལ་ཤུགས་བརྒྱབ་སྟེ། སྤྱི་ཚོགས་ཞི་མཐུན་བརྟན་བརླིང་མཐའ་འཁྱོངས་བྱས་ཡོད། ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ཤིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ། གཞི་རིམ་གྱི་ཁུར་པོ་དངོས་སུ་ཇེ་ཡང་དུ་བཏང་བ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཡན་བཅོས་སྐྱོང་གཏིང་ཟབ་བྱས་ཤིང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་བྱེད་པར་རྒྱུན་མཐུད་ངང་ཤུགས་བརྒྱབ་ཡོད། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་བཏང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བཅའ་ཁྲིམས་ཀྱི་གྲོས་གཞི་19གྲོས་ཞིབ་གནང་བྱར་ཕུལ་བ་དང་། སྲིད་འཛིན་ཁྲིམས་སྲོལ་28གཏན་འབེབས་དང་བཟོ་བཅོས་བྱས་ཡོད། རང་རྟོགས་ངང་ཁྲིམས་ལྟར་ལྟ་སྐུལ་དང་ལེན་བྱས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ནན་ཏན་གྱིས་སྒྲུབ་གཉེར་བྱས། སྲིད་འཛིན་ཁྲིམས་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་བཏང་། “ནུས་ཆེའི་སྒོ་ནས་དོན་དག་གཅིག་སྒྲུབ་ཐུབ་པའི་”གཙོ་གནད་དོན་ཚན་གྱི་གསལ་ཐོ་ཁག་གཉིས་བཏོན་ནས་དྲ་ཐོག་དང་དྲ་ཕྱིའི་ཞབས་ཞུའི་ནུས་པ་སྤྱི་ཡོངས་ནས་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་བྱས། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་འཐུས་ཚང་དུ་བཏང་། འགལ་བ་དང་རྩོད་གཞི་རྩད་ཞིབ་འདུམ་སེལ་བྱེད་པར་ཤུགས་བརྒྱབ་པ་དང་། ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་། འཕྲལ་བསྟུན་དོ་དམ་དང་བདེ་འཇགས་ཐོན་སྐྱེད་ལ་ཤུགས་བརྒྱབ་པ་དང་། འབར་རླངས་དང་གློག་སྒུལ་རྐང་འཁོར་སོགས་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་མུ་ཕྲེང་ཧྲིལ་པོ་ཆེད་དམིགས་བཅོས་སྒྲིག་བྱས། ཆུ་ལོག་དང་ཞོད་སྐྱོན་དང་། རྒྱ་མཚོའི་རླུང་འཚུབ། ས་ཡོམ་སོགས་རང་བྱུང་གནོད་འཚེ་ལ་འགོག་ཟོན་དང་ཁ་གཏད་ནུས་ལྡན་བྱས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་ཚང་དུ་བཏང་། ཐལ་སྐྱོད་གྱོད་གཞི་དང་དོན་རྐྱེན་ཐོན་རྒྱུ་ནན་འགོག་བྱས་པ་དང་། ཉེས་གསོག་ཚབས་ཆེན་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཡོད།
འདས་ཟིན་པའི་ལོ་གཅིག་རིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་རྣམ་པ་གསར་པ་བཏོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྒྱལ་ཁབ་མང་པོར་འཚམས་འདྲིར་ཕེབས་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་། འབོ་གསེར་རྒྱལ་ཁབ་ཀྱི་དབུ་ཁྲིད་པའི་མཇལ་འཛོམས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དབུ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས། ཨེ་ཤ་ཡ་ཤར་མའི་མཉམ་ལས་དབུ་ཁྲིད་པའི་མུ་འབྲེལ་གྲོས་ཚོགས་སོགས་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་བྱེད་སྒོ་གནད་ཆེན་ལ་ཞུགས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་དབུ་ཚོགས་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྤེལ་ནས་ལོ་ངོ70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སོགས་བདག་རེས་ཕྱི་འབྲེལ་བྱེད་སྒོ་གནད་ཆེན་བདེ་བླག་ངང་སྤེལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་སྲ་བརྟན་དང་རྒྱ་སྐྱེད་བཏང་། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་བཅལ་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་ཆ་ཆེ་བའི་གནད་དོན་ཐག་གཅོད་བྱེད་སྐབས་ཧུར་ཐག་དང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད།
འདས་ཟིན་པའི་ལོ་གཅིག་རིང་ཐོབ་པའི་གྲུབ་འབྲས་ཀྱི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བར་བརྟེན་པ་ཡིན་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་ཡིན་པ་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན། ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། དམངས་གཙོའི་ཏང་ཤོག་ཁག་དང་། མི་དམངས་ཚོགས་པ་ཁག །ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་ཝན་པ། ཕྱིར་སྡོད་སྤུན་ཟླ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གྲུབ་འབྲས་ཁས་ལེན་པའི་དུས་མཚུངས་སུ་ང་ཚོས་མདུན་དུ་ལྷགས་པའི་དཀའ་ངལ་དང་འགྲན་སློང་ཡང་གསལ་པོར་མཐོང་ཡོད། རྒྱལ་སྤྱིའི་ཆ་ནས་བལྟས་ན། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་ངང་འབྱུང་བཞིན་ཡོད། ཕྱིའི་ཁོར་ཡུག་སྔར་བས་རྙོག་འཛིང་དང་ཛ་དྲག་ཏུ་འགྱུར་བཞིན་ཡོད་པས། རང་རྒྱལ་གྱི་ཉོ་ཚོང་དང་ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་ལ་ཕོག་ཐུག་སྔར་ལས་ཆེ་བ་བཟོ་སྲིད་པ་རེད། འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ནུས་མི་འདང་བ་དང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཇེ་དྲག་ཏུ་སོང་བ། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་འགོག་རྐྱེན་བྱུང་བ་དང་སྒོ་ཁྲལ་གྱི་བཀག་རྒྱ་མང་དུ་སོང་བ། གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་བརྟན་བརླིང་ཡོང་བར་ཕོག་ཐུག་བཏང་བ་བཅས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་རེས་འཁོར་ལ་འགོག་རྐྱེན་བཟོ་གི་ཡོད། ས་འབྲེལ་ཆབ་སྲིད་ཀྱི་ཛ་དྲག་ཆེ་བའི་རྒྱུ་རྐྱེན་སྔར་བཞིན་ཅུང་མང་ཞིང་། གོ་ལ་ཧྲིལ་པོའི་ཚོང་རའི་སྔོན་དཔག་དང་དངུལ་འཇོག་གི་ཡིད་ཆེས་ལ་ཤུགས་རྐྱེན་ཐེབས་པ་དང་། རྒྱལ་སྤྱིའི་ཚོང་རའི་འཕར་ཆག་གི་ཉེན་ཁ་ཇེ་ཆེར་གྱུར་ཡོད། རྒྱལ་ནང་གི་ཆ་ནས་བལྟས་ན། དཔལ་འབྱོར་བསྐྱར་འཕར་ལེགས་འགྱུར་གྱི་རྨང་གཞི་ད་དུང་བརྟན་པོ་མེད་ཅིང་། ཕན་ནུས་ལྡན་པའི་དགོས་མཁོ་མི་འདང་བ་དང་། ལྷག་པར་དུ་འཛད་སྤྱོད་བྱེད་ཤུགས་ཆུང་། ཁེ་ལས་ཁག་ཅིག་གི་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་ཡོད་པ་དང་། རྩིས་དངུལ་འགྱངས་ཆད་ཀྱི་གནད་དོན་སྔར་བཞིན་མངོན་གསལ་ཆེ་ཙམ་ཡོད། མང་ཚོགས་ལས་ཞུགས་འབབ་འཕར་གྱི་གནོན་ཤུགས་ལ་འཕྲད་ཡོད། དམངས་འཚོའི་ཁྱབ་ཁོངས་སུ་ཞན་ཆ་ཡོད། ས་གནས་ཁ་ཤས་ཀྱི་གཞི་རིམ་ནོར་སྲིད་ལ་དཀའ་ངལ་ཡོད། སྤྱི་ཚོགས་ཀྱི་འགལ་བ་འདུམ་སེལ་དང་ཉེན་ཁ་འགོག་ཟོན་གྱི་ལས་དོན་ལ་ད་དུང་ཤུགས་རྒྱག་དགོས། སྲིད་གཞུང་གི་འཇོན་ནུས་དང་ཁྲིམས་ལྟར་སྲིད་འཛིན་ནུས་པ་ཆེ་རུ་གཏོང་དགོས། ལས་དོན་ཁ་ཤས་མཐུན་སྦྱོར་གཞོགས་འདེགས་བྱས་པ་མི་འདང་ལ། སྲིད་ཇུས་ཁ་ཤས་དོན་ཐོག་ཏུ་འཁྱོལ་རྒྱུ་ཅུང་དལ་བ་དང་། ཕན་འབྲས་སྔོན་དཔག་ལས་ཆུང་། སྡེ་ཁག་ཁ་ཤས་ཀྱི་ཞབས་ཞུའི་འདུ་ཤེས་མི་ཆེ་བ་དང་། བྱ་བ་སྒྲུབ་པའི་ལས་ཆོད་མི་ཆེ་བ། ལས་བྱེད་པ་ཁ་ཤས་ལ་བྱ་བ་གང་བྱུང་དུ་སྒྲུབ་པ་དང་། བྱ་བ་མི་སྒྲུབ་པ། བྱ་བ་སྒྲུབ་མི་མཁས་པ་བཅས་ཀྱི་གནས་ཚུལ་བྱུང་ཞིང་། ཁྱབ་ཁོངས་དང་ས་གནས་ཁ་ཤས་སུ་རུལ་སུངས་ཀྱི་གནད་དོན་སྔར་བཞིན་མང་པོ་ཐོན་གྱི་འདུག །ང་ཚོས་དཀའ་ངལ་དང་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་དགོས་ལ་འཕེལ་རྒྱས་ཀྱི་ཡིད་ཆེས་དེ་བས་ཀྱང་བརྟན་དུ་གཏོང་དགོས། རང་རྒྱལ་ལ་ལམ་ལུགས་ཀྱི་དགེ་མཚན་མངོན་གསལ་དོད་པོ་ལྡན། གཞི་ཁྱོན་ཧ་ཅང་ཆེ་བའི་ཚོང་ར་དང་། ཆ་ཚང་བའི་ཐོན་ལས་མ་ལག །ཕུན་སུམ་ཚོགས་པའི་མི་ཤུགས་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་སོགས་དགེ་མཚན་ལྡན་པའི་ཆ་རྐྱེན་མང་པོ་ཡོད་པ་དང་། ཡུན་རིང་གི་འཆར་འགོད་དང་། ཚན་རིག་དང་མཐུན་པའི་སྙོམ་སྒྲིག །གོང་འོག་མཐུན་སྦྱོར་བཅས་ཀྱི་བཅོས་སྐྱོང་ལམ་སྲོལ་ནུས་ལྡན་ཡོད་པ། དགོས་མཁོ་རིམ་སྤར་དང་། གྲུབ་ཚུལ་ལེགས་སྒྱུར། སྒུལ་ནུས་བརྗེ་སྒྱུར་བཅས་ཀྱི་འཕར་འབོར་བར་སྟོང་རྒྱ་ཆེན་པོ་ཡོད། དཔལ་འབྱོར་ཡུན་རིང་ལེགས་འགྱུར་ཡོང་བའི་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་ལ་འགྱུར་ལྡོག་འབྱུང་ཡང་མི་སྲིད་པས། རང་རྒྱལ་གྱི་དཔལ་འབྱོར་གྲུ་གཟིངས་རླུང་བརྟེན་རླབས་གཤག་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་ངེས་རེད།
གཉིས། 2025ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་འཛིན་ཕྱོགས།
ད་ལོ་ནི་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན། སྲིད་གཞུང་གི་ལས་དོན་ལེགས་པར་སྒྲུབ་ན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག །ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་ནས། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། ཆ་ཚང་དང་། ཡང་དག །ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བཅས་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་སྔར་བས་ཡག་པོ་བྱེད་པ་དང་། སྔར་ལས་ཧུར་བརྩོན་དོན་ལྡན་གྱི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་ཏེ། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཀྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཐོག་ཁང་ཚོང་ར་དང་མ་རྐང་ཚོང་ར་བརྟན་པོ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་ཕྱིའི་ཕོག་ཐུག་འགོག་ཟོན་དང་འདུམ་སེལ་བྱེད་དགོས། སྔོན་དཔག་བརྟན་བརླིང་དུ་གཏོང་བ་དང་གསོན་ཤུགས་སྐུལ་སློང་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་ལེགས་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སྤྱི་ཚོགས་ཞི་མཐུན་བརྟན་བརླིང་མཐའ་འཁྱོངས་བྱེད་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཀྱི་དམིགས་འབེན་ལས་འགན་སྤུས་ཚད་མཐོ་བའི་ངང་ལེགས་འགྲུབ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས།
ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར5%ཡས་མས་འཕར་བར་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད5.5%ཡས་མས་ཟིན་པར་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི1200ཡན་གསར་དུ་འཕར་བ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད2%ཡས་མས་སུ་འཛིན་རྒྱུ། སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གོམ་སྟབས་གཅིག་མཚུངས་བྱ་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ་མཐའ་འཁྱོངས་བྱ་རྒྱུ། འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི1.4ཡས་མས་ཟིན་པ། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན3%ཡས་མས་ཆག་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱ་རྒྱུ་བཅས་ཡིན།
གོང་གསལ་སྔོན་དཔག་དམིགས་འབེན་བཏོན་པ་ནི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་ཕྱོགས་གང་ཅིའི་ཐད་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་བློ་བཏང་བ་དང་། དགོས་མཁོ་དང་འབྱུང་སྲིད་པ་གཉིས་ཀར་འདང་བརྒྱབ་ཡོད། དཔལ་འབྱོར་འཕར་སྣོན་ཡོང་བའི་སྔོན་དཔག་དམིགས་འབེན་5%ཡས་མས་ཡིན་པ་དེ་ནི་ལས་ཞུགས་བརྟན་པོ་དང་། ཉེན་ཁ་སྔོན་འགོག །དམངས་འཚོར་ཕན་པ་བཅས་ཀྱི་དགོས་མཁོ་ཡིན་པ་མ་ཟད། དཔལ་འབྱོར་འཕར་བའི་གཏིང་ཤུགས་དང་ཕན་ཡོད་ཆ་རྐྱེན་གྱི་འདེགས་སྐྱོར་ཡང་ཡོད་ཁར། དུས་ཡུན་འབྲིང་རིང་གི་འཕེལ་རྒྱས་དམིགས་འབེན་ལའང་སྦྲེལ་མཐུད་བྱས་ཏེ། དཀའ་སྡུག་གདོང་བསུ་དང་། འབད་འབུངས་དོན་ལྡན་གྱི་ཁྲིད་ཕྱོགས་མངོན་གསལ་དོད་པོ་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་5.5%ཡས་མས་ཟིན་པར་བྱས་པ་དེས་ལས་ཞུགས་བསྡོམས་འབོར་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་སྔར་བས་འབུར་ཐོན་ཡིན་པའི་རྒྱབ་ལྗོངས་འོག །ལས་ཞུགས་བརྟན་པོ་བྱེད་ཤུགས་ཆེ་རུ་གཏོང་བའི་བླང་བྱ་མཚོན་ཡོད། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད2%ཡས་མས་སུ་འཛིན་རྒྱུ་བྱས་པ་དེའི་དམིགས་ཡུལ་ནི་སྲིད་ཇུས་དང་སྒྱུར་བཅོས་ཁག་གི་ཐུན་མོང་གི་ནུས་པ་ལ་བརྟེན་ནས། འདོན་སྤྲོད་དང་དགོས་མཁོའི་འབྲེལ་བ་ལེགས་བཅོས་བྱས་ཏེ། རིན་གོང་གི་སྤྱིའི་ཆུ་ཚད་དེ་ལུགས་མཐུན་གྱི་བར་ཁོངས་སུ་གནས་སུ་འཇུག་རྒྱུ་དེ་ཡིན། དམིགས་འབེན་འདི་དག་མངོན་འགྱུར་བྱ་རྒྱུ་ནི་ལས་སླ་མོ་ཞིག་མིན་པས། ངེས་པར་དུ་དཀའ་སྤྱད་འབད་བརྩོན་བྱེད་དགོས། ང་ཚོས་བརྟན་ཐོག་ཡར་བརྩོན་དང་། འཕེལ་ངོས་བརྟན་སྐུལ། བདེན་སྲུང་གསར་གཏོད། སྔོན་འཛུགས་རྗེས་གཏོར། མ་ལག་འདུས་གྲུབ། མཐུན་སྦྱོར་གཞོགས་འདེགས་བཅས་རྒྱུན་འཁྱོངས་བྱེད་པ་དང་། སྲིད་ཇུས་ཡོ་བྱད་སྒམ་ཆུང་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། གནས་བབ་ཀྱི་འགྱུར་ལྡོག་དང་བསྟུན་ནས་སྲིད་ཇུས་འགུལ་རྣམ་ལེགས་སྒྲིག་བྱས་ཏེ། སྤྱི་ཁོག་སྙོམ་སྒྲིག་གི་སྔོན་ཚོད་རང་བཞིན་དང་། དམིགས་གཏད་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་གཏོང་དགོས། དམིགས་འབེན་གྱི་སྣེ་ཁྲིད་ལ་སྣང་ཆེན་དང་། སྲིད་ཇུས་འཛིན་ཕྱོགས་ཁོང་དུ་ཆུད་པ། གོ་སྐབས་འཛིན་ཤུགས་ལ་དང་དོད། མ་ལག་གི་བསམ་གཞིག་ལ་ཤུགས་རྒྱག་པ་བཅས་བྱས་ནས་སྤྱི་ཁོག་སྲིད་ཇུས་ལག་བསྟར་གྱི་ཕན་ནུས་ཆེ་རུ་གཏོང་དགོས།
སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱེད་དགོས། ཡོང་འབབ་དང་བུན་འཛིན་སོགས་ནོར་སྲིད་མ་དངུལ་རིགས་ཁག་གཅིག་འདོམས་ཀྱིས་བཀོད་སྒྲིག་བྱས་ཏེ། ནོར་སྲིད་སྲིད་ཇུས་ཀྱིས་རྒྱུན་མཐུད་ངང་ཤུགས་རྒྱག་པ་དང་། སྔར་བས་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱེད་དགོས། ད་ལོའི་མཚལ་ཡིག་གི་ཚད4%ཡས་མས་ལྟར་བཀོད་སྒྲིག་བྱེད་རྩིས་ཡོད་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1མཐོ་རུ་བཏང་བ་དང་། མཚལ་ཡིག་གི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི5.66ཡིན་པས་ལོ་གོང་མ་ལས་སྒོར་དུང་ཕྱུར་ཁྲི1.6འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི29.7ཡིན་པས་ལོ་གོང་མ་ལས་སྒོར་དུང་ཕྱུར་ཁྲི1.2འཕར་ཡོད། ཚད་བརྒལ་ཡུན་རིང་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་ཁྲི1.3འགྲེམ་སྤེལ་བྱེད་རྩིས་ཡོད་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་3000འཕར་ཡོད། དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར5000འགྲེམ་སྤེལ་བྱེད་རྩིས་ཡོད་ཅིང་། དེས་གཞུང་ཁོངས་ཚོང་ལས་དངུལ་ཁང་ཆེ་གྲས་ལ་མ་རྩ་གསབ་སྣོན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་སྒོར་དུང་ཕྱུར་ཁྲི4.4བཀོད་སྒྲིག་བྱེད་རྩིས་ཡོད་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར5000འཕར་ཡོད། དེ་དངུལ་གཏོང་འཛུགས་སྐྲུན་དང་། ས་ཆ་བསྡུ་ཉར་དང་བསགས་འབོར་ཚོང་ཟོག་ཁང་པ་ཉོ་སྒྲུབ། ས་གནས་སྲིད་གཞུང་གིས་ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་བྱས་པར་སྤྲོད་པ་སོགས་ཀྱི་ཐད་གཙོ་བོར་སྤྱོད་རྒྱུ། ད་ལོ་སྲིད་གཞུང་གི་བུ་ལོན་སྤྱིའི་གཞི་ཁྱོན་གྱི་བསྡོམས་གྲངས་སྒོར་དུང་ཕྱུར་ཁྲི11.86གསར་སྣོན་བྱས་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་ཁྲི2.9འཕར་ཡོད་པས། ནོར་སྲིད་ཀྱི་གཏོང་སྒོའི་ཤུགས་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། མ་དངུལ་ཁག་མགྱོགས་མྱུར་གཤམ་སྤྲོད་བྱས་ནས་གཏོང་སྒོ་དངོས་གང་མགྱོགས་ཆགས་པར་བྱེད་དགོས། གཏོང་སྒོའི་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ་དང་། དམངས་འཚོར་ཕན་པ་དང་། འཛད་སྤྱོད་ལ་སྐུལ་སྤེལ། གཏིང་ཤུགས་ཆེ་རུ་གཏོང་བ་བཅས་ལ་སྔར་བས་སྣང་ཆེན་བྱས་ཏེ་མ་དངུལ་སྤྱད་པའི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ལ་སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་དཀའ་ངལ་ཡོད་པའི་ས་ཁུལ་དང་དར་རྒྱས་ཞན་པའི་ས་ཁུལ་ལ་ཕྱོགས་ཆ་ལྡན་པར་བྱེད་དགོས། རིམ་བགོས་འགན་སྲུང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། གཞི་རིམ་གྱི་“འགན་གསུམ་”གྱི་མཐའ་ཚད་དམ་པོར་སྲུང་དགོས། སྲིད་གཞུང་གིས་གྲོན་ཆུང་གིས་འཚོ་བ་སྐྱེལ་བ་རྒྱུན་འཁྱོངས་བྱེད་པ་དང་། ནོར་སྲིད་ལ་ཚན་རིག་དང་མཐུན་པར་དོ་དམ་བྱེད་པར་སྐུལ་འདེད་བཏང་སྟེ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་པོར་གཏོང་བ་དང་། རྒྱས་སྤྲོས་ཆུད་ཟོས་བྱེད་རིགས་གཏན་འགོག་བྱས་ཏེ། མ་དངུལ་སྔར་ལས་མང་བ་འཕེལ་རྒྱས་ཀྱི་དགོས་མཁོ་དང་དམངས་འཚོའི་རེ་ལྟོས་སྐོང་བའི་ཐད་ལ་སྤྱོད་དགོས།
ལྷུག་པོ་འོས་འཚམ་གཏོང་བའི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་དགོས། དངུལ་ལོར་སྲིད་ཇུས་ཡོ་བྱད་ཀྱི་སྤྱི་འབོར་དང་གྲུབ་ཚུལ་གྱི་བྱེད་ནུས་ཉིས་བརྩེགས་འདོན་སྤེལ་ཡག་པོ་དང་། དུས་བསྟུན་གྲབས་གཅོག་སྐྱེད་གཅོག །འཁོར་རྒྱུག་རང་བཞིན་འདང་ངེས་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་མ་དངུལ་སྡུད་པའི་གཞི་ཁྱོན་དང་། དངུལ་ལོར་འདོན་སྤྲོད་བྱེད་ཚད་འཕར་བ་དེ་དཔལ་འབྱོར་འཕར་སྣོན་དང་རིན་གོང་གི་སྤྱིའི་ཆུ་ཚད་ཀྱི་སྔོན་དཔག་དམིགས་འབེན་དང་ཕན་ཚུན་འཚམ་མཐུན་ཡོང་བར་བྱེད་དགོས། གྲུབ་ཚུལ་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཡོ་བྱད་ལེགས་སྒྱུར་དང་གསར་གཏོད་བྱེད་དགོས། ཤུགས་ཚད་སྔར་ལས་ཆེན་པོས་ཐོག་ཁང་ཚོང་ར་དང་མ་རྐང་ཚོང་ར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་། ལྗང་མདོག་འཕེལ་རྒྱས། འཛད་སྤྱོད་ཆེར་སྐྱེད་བཅས་དང་དེ་བཞིན་དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་ཕྲན་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་འདྲེན་བྱེད་ལམ་སྔར་བས་གཤོང་བ་དང་། སྐྱེད་ཚད་འགྲུབ་པ་དང་བརྒྱུད་འདྲེན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། མ་བུན་མ་འཇལ་བུན་གསར་གཡོར་བའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། དངུལ་སྡུད་རྟོན་སྐྱེད་དང་ཉེན་ཁ་མཉམ་འཁུར་སོགས་ཀྱི་རྒྱབ་སྐྱོར་བྱེད་ཐབས་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་དངུལ་སྡུད་ཀྱི་མ་གནས་མར་ཆག་པར་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་ཞབས་ཞུའི་འཐོབ་ཐུབ་པའི་རང་བཞིན་དང་སྟབས་བདེར་འགྱུར་ཚད་མཐོ་རུ་གཏོང་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་བརླིང་མཐའ་འཁྱོངས་བྱེད་དགོས། ཀྲུང་དབྱང་དངུལ་ཁང་གི་སྤྱི་ཁོག་གཟབ་ནན་དང་དངུལ་རྩ་བརྟན་བརླིང་གཏོང་བའི་བྱེད་ནུས་རྒྱ་སྐྱེད་གཏོང་བ་དང་། དངུལ་རྩའི་ཡོ་བྱད་གསར་གཏོད་བྱས་ནས། དངུལ་རྩའི་ཚོང་ར་བརྟན་བརླིང་སྲུང་སྐྱོང་བྱེད་དགོས།
སྤྱི་ཁོག་སྲིད་ཇུས་ཀྱི་དམངས་འཚོའི་ཁྲིད་ཕྱོགས་ཤུགས་ཆེ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་སྲིད་ཇུས་ཀྱི་ཤུགས་རྒྱག་ས་དེ་དམངས་འཚོར་ཕན་འདོགས་པ་དང་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བའི་ཕྱོགས་སུ་བསྒྱུར་གང་ཐུབ་བྱས་ནས། འཛད་སྤྱོད་ཆེར་སྐྱེད་ལ་བརྟེན་ནས་དཔལ་འབྱོར་རེས་འཁོར་ཐོགས་མེད་ཡོང་བར་བྱེད་པ་དང་། འཛད་སྤྱོད་རིམ་སྤར་ལ་བརྟེན་ནས་ཐོན་ལས་རིམ་སྤར་ལ་སྣེ་ཁྲིད་བྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཁྲོད་དཔལ་འབྱོར་གྱི་འཕར་གཞི་གསར་པ་གཏོད་དགོས། མ་དངུལ་ཐོན་ཁུངས་སྔར་ལས་མང་པོས་“མ་དངུལ་མི་ལ་གཏོང་བ་”དང་དམངས་འཚོར་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས་པ་དང་། ལས་ཞུགས་རྒྱ་བསྐྱེད་པ་དང་། སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་དང་ཁུར་པོ་ཡང་དུ་གཏོང་བར་སྐུལ་སྤེལ། འཛད་སྤྱོད་ལ་སྐུལ་ལྕག་གཏོང་བར་ཤུགས་རྒྱག་པ་བཅས་ལ་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཀྱི་རེས་འཁོར་བཟང་པོ་ཆགས་པར་བྱེད་དགོས།
སྲིད་ཇུས་ཀྱི་“ཐབས་མང་མཉམ་སྤྱོད་”ཡག་པོ་བྱེད་དགོས། ནོར་སྲིད་དང་། དངུལ་ལོར། ལས་ཞུགས། ཐོན་ལས། ས་ཁོངས། ཉོ་ཚོང་། ཁོར་ཡུག་སྲུང་སྐྱོབ། ལྟ་སྐུལ་དོ་དམ་སོགས་ཀྱི་སྲིད་ཇུས་མཐུན་སྦྱོར་དང་དེ་བཞིན་སྒྱུར་བཅོས་སྒོ་འབྱེད་བྱེད་ཐབས་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་བརྒྱབ་ནས། སྲིད་ཇུས་ཀྱི་སྒྲིལ་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཁོག་སྲིད་ཇུས་འཛིན་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་དཔྱད་དཔོག་བྱེད་པའི་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་བེད་སྤྱོད་ཡག་པོ་བྱས་ནས། དཔལ་འབྱོར་སྲིད་ཇུས་དང་དཔལ་འབྱོར་རང་བཞིན་མིན་པའི་སྲིད་ཇུས་དེ་གཅིག་མཐུན་རང་བཞིན་གྱི་དཔྱད་དཔོག་བྱེད་ཁོངས་སུ་འཇུག་པ་དང་། སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་གཅིག་གྱུར་འཆར་འགོད་བྱས་ནས། སྲིད་ཇུས་ཀྱི་དམིགས་འབེན་དང་། ཡོ་བྱད། དུས་བབ། ཤུགས་ཚད། དམ་ལྷོད་བཅས་འཚམ་མཐུན་ཡོང་ཚད་མཐོ་རུ་གཏོང་དགོས། སྲིད་ཇུས་འདོན་པ་དང་ལག་བསྟར་བྱེད་པར་ཅི་སྔ་གང་སྔ་དང་། སྔ་རུང་བ་ལས་འཕྱི་མི་རུང་བ་བྱས་ནས་ངེས་གཏན་མེད་པའི་རང་བཞིན་སྣ་ཚོགས་དང་གང་སྔ་རྩོད་དགོས་པ་དང་། གདེང་ཚོད་བྱུང་ཚེ་ཐེངས་གཅིག་ལ་འདང་ངེས་བཏོན་ནས། སྲིད་ཇུས་ཀྱི་དངོས་ཕན་ཆེ་རུ་གཏོང་དགོས། གོང་འོག་མཉམ་འགུལ་དང་འཕྲེད་ཕྱོགས་རོགས་ལས་བྱེད་ཤུགས་ཆེ་རུ་བཏང་ནས། སྲིད་ཇུས་“ཐོག་མའི་སྤྱི་ལེ་གཅིག་”ནས་“མཐའ་མའི་སྤྱི་ལེ་གཅིག་”བར་སྦྲེལ་མཐུད་ཐོགས་མེད་ཡོང་བར་སྐུལ་སྤེལ་གཏོང་དགོས། ཚོང་རའི་སྐད་སྒྲར་ཉན་རྒྱུར་སྣང་ཆེན་དང་། སྲིད་ཇུས་ལག་བསྟར་དང་སྔོན་དཔག་ཁྲིད་སྟོན་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། དགེ་མཚན་ལྡན་པའི་སྤྱི་ཚོགས་ཀྱི་སྔོན་དཔག་གཏོད་དགོས།
ད་ལོའི་དམིགས་འབེན་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་པར། ངེས་པར་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་བསྟར་གཏིང་ཟབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ལས་འགན་ཨང་དང་པོ་འདི་དམ་འཛིན་ནན་པོ། སྤུས་ཚད་ལ་བརྟེན་ནས་རྒྱལ་ཁ་ལེན་པ་དང་གཞི་ཁྱོན་གྱི་ཕན་འབྲས་འདོན་སྤེལ་བྱ་རྒྱུ་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བཅས་བྱས་ནས། སྤུས་ཚད་ཇེ་མཐོར་ནུས་ལྡན་ཡོང་བ་དང་གྲངས་འབོར་འཕར་སྣོན་ལུགས་མཐུན་ཡོང་བ་མངོན་འགྱུར་བྱེད་དགོས། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ་དང་། རྒྱལ་ནང་གི་རེས་འཁོར་ཆེན་པོ་དེ་རྒྱ་ཆེན་པོ་དང་སྟོབས་ཆེན་པོར་སྤེལ་བ། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཁྲོད་རྒྱལ་སྤྱིའི་མཉམ་ལས་ཀྱི་བར་སྟོང་རྒྱ་སྐྱེད་པ་བཅས་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཆུ་ཚད་དེ་བས་མཐོ་བའི་ཐོག་ཕན་ཚུན་སྐུལ་སྤེལ་དང་མཉམ་འགུལ་ཡག་པོ་ཡོང་བར་བྱེད་དགོས། འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། འཛད་སྤྱོད་དང་འདོན་སྤྲོད་ཀྱི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་ཐག་གཅོད་གང་ཐུབ་བྱེད་པ། སྤུས་ཚད་མཐོ་བའི་འདོན་སྤྲོད་ཀྱིས་དགོས་མཁོ་ལ་སྣེ་ཁྲིད་དང་དགོས་མཁོ་གསར་སྐྲུན་བྱ་རྒྱུར་སྔར་བས་སྣང་ཆེན་བྱེད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པར་བརྟེན་ནས་ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་དང་གསར་སྐྲུན་བྱེད་པའི་གསོན་ཤུགས་སྐུལ་སློང་བྱེད་དགོས།
གསུམ། 2025ལོའི་སྲིད་གཞུང་གི་ལས་དོན་ལས་འགན།
ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི་མོ་རེད། ང་ཚོས་གཙོ་གནད་འབུར་ཐོན་དང་གནད་འགག་དམ་འཛིན་བྱས་ཏེ། གཤམ་གསལ་གྱི་ཕྱོགས་འགའི་ལས་དོན་གཙོ་གནད་དུ་བཟུང་ནས་དམ་འཛིན་ལེགས་པོ་བྱེད་དགོས།
(གཅིག།) འཛད་སྤྱོད་ཆེར་སྐྱེད་དང་དངུལ་འཇོག་གི་ཕན་འབྲས་ཆེ་རུ་བཏང་སྟེ། ཕྱོགས་མཐའ་ཡོངས་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་དགོས། འཛད་སྤྱོད་དང་དངུལ་འཇོག་ཟུང་འབྲེལ་སྔར་ལས་ཡག་པོ་ཡོང་བར་སྐུལ་སྤེལ་གཏོང་བ་དང་། ནང་མཁོ་དང་ལྷག་པར་དུ་འཛད་སྤྱོད་ཀྱི་ཆད་སྐྱོན་གང་མགྱོགས་གསབ་ནས་ནང་མཁོ་དེ་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོ་དང་བརྟན་བརླིང་ཡོང་བའི་གཏིང་རྡོ་ལྟ་བུར་འགྱུར་བར་བྱེད་དགོས།
འཛད་སྤྱོད་ཆེར་སྐྱེད་ཀྱི་ཆེད་དམིགས་བྱ་སྤྱོད་ལག་བསྟར་བྱེད་དགོས། འཛད་སྤྱོད་ནུས་པ་ཆེ་རུ་གཏོང་བ་དང་། སྤུས་ལེགས་འདོན་སྤྲོད་མང་དུ་གཏོང་བ། འཛད་སྤྱོད་ཁོར་ཡུག་ལེགས་བཅོས་བྱེད་པ་བཅས་ཀྱི་ཆེད་དམིགས་བྱེད་ཐབས་བཟོ་བ་དང་། སྣ་མང་ཅན་དང་ཁྱད་པར་ཅན་གྱི་འཛད་སྤྱོད་གཏིང་ཤུགས་འདོན་སྤེལ་བྱས་ཏེ། འཛད་སྤྱོད་སྤུས་འདེགས་རིམ་སྤར་ཡོང་བར་སྐུལ་འདེད་གཏོང་དགོས། ཐབས་ལམ་མང་པོར་བརྟེན་ནས་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་སྤེལ་གཏོང་བ་དང་། ཡོང་འབབ་འབྲིང་དམའི་མི་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཁུར་པོ་ཡང་དུ་གཏོང་བར་སྐུལ་འདེད་གཏོང་བ། ངལ་རྩོལ་པའི་གླ་ཕོགས་རྒྱུན་ལྡན་ལྟར་འཕར་སྣོན་ཡོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཚད་བརྒལ་ཡུན་རིང་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་3000བཀོད་སྒྲིག་བྱས་ནས་འཛད་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཞུགས་འཐུས་ལྷུག་པོར་གཏོང་བ་དང་། ཚོད་འཛིན་ཉུང་དུ་གཏོང་བ། ལྟ་སྐུལ་དོ་དམ་ལེགས་སྒྱུར་བྱེད་པ་སོགས་ཀྱི་ཐད་ནས་འགོ་བཙུགས་ཏེ། བདེ་ཐང་དང་། རྒན་གསོ། དབང་སྐྱོན་རོགས་སྐྱོར། བུ་བཅོལ། ཁྱིམ་སྲིད་སོགས་སྣ་མང་ཅན་གྱི་ཞབས་ཞུ་འདོན་རྒྱ་ཆེ་རུ་གཏོང་དགོས། འཛད་སྤྱོད་ལྗོངས་གནས་གསར་གཏོད་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གྲངས་ཀ་དང་། ལྗང་མདོག །རིག་ནུས་སོགས་འཛད་སྤྱོད་དཔེ་གསར་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། གུང་གསེང་ལམ་ལུགས་དོན་འཁྱོལ་དང་ལེགས་སྒྱུར་བྱས་ནས། རིག་གནས་དང་། ཡུལ་སྐོར། ལུས་རྩལ་སོགས་ཀྱི་འཛད་སྤྱོད་གཏིང་ཤུགས་འདོན་སྤེལ་བྱེད་དགོས། ཁྲལ་མེད་ཚོང་ཁང་གི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁོངས་ནང་འཛུལ་འཛད་སྤྱོད་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་ཟབ་སྤེལ་བྱེད་པ་དང་། རྫོང་ཁོངས་ཚོང་ལས་མ་ལག་ཆ་ཚང་དུ་གཏོང་དགོས། ཁ་ཚད་ཡོངས་ཀྱི་འཛད་སྤྱོད་བསྡོམས་རྩིས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། བདེ་འཇགས་བློ་བདེའི་འཛད་སྤྱོད་ཁོར་ཡུག་སྐྲུན་དགོས།
ནུས་ལྡན་གྱི་དངུལ་འཇོག་རྒྱ་སྐྱེད་ཧུར་ཐག་གཏོང་དགོས། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་དམངས་འཚོའི་དགོས་མཁོར་རྩེ་གཅིག་ཏུ་དམིགས་ནས། སྲིད་གཞུང་གི་དངུལ་འཇོག་ཡོ་བྱད་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ནོར་སྲིད་དང་དངུལ་རྩ་ཕན་ཚུན་གཞོགས་འདེགས་ཡོང་བར་ཤུགས་རྒྱག་པ། ལས་གཞི་གསོག་འཇོག་དང་བདག་རྐྱེན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་གཞི་གཙོ་གནད་ཁག་ཅིག་ལག་བསྟར་མགྱོགས་པོར་བྱེད་པ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཀྱི་ལས་གྲྭ་གནད་ཆེན་བདེ་བླག་ངང་མཇུག་བསྡུ་བར་སྐུལ་འདེད་གཏོང་དགོས། ཏན་ཏིག་སྒོས་ལས་གཞི་འཕྱུག་མེད་དང་ཡག་པོར་འདེམས་པ་དང་། མ་དངུལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིའི་མ་དངུལ་གྱི་དགོས་མཁོར་འགན་སྲུང་བྱེད་པ་དང་། ཕན་ཆུང་དང་ཕན་མེད་ཀྱི་དངུལ་འཇོག་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ད་ལོ་ཀྲུང་དབྱང་གི་སྔོན་རྩིས་ཁོངས་ཀྱི་དངུལ་འཇོག་སྒོར་དུང་ཕྱུར་7350བཀོད་སྒྲིག་བྱ་རྩིས་ཡོད། ཚད་བརྒལ་ཡུན་རིང་དམིགས་བསལ་རྒྱལ་བུན་བཀོལ་སྤྱོད་ལེགས་པོ་བྱེད་པ་དང་། ཚད་བརྒལ་ཡུན་རིང་དངུལ་བུན་སོགས་ཆ་འགྲིག་དངུལ་སྡུད་བྱེད་ཤུགས་ཆེ་རུ་གཏོང་བ། གོང་ནས་འོག་ཏུ་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། “གནད་གཉིས་”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་དོ་དམ་ལམ་སྲོལ་ལེགས་སྒྱུར་བྱེད་པ་དང་། དངུལ་འཇོག་ཁ་ཕྱོགས་ཁྱབ་ཁོངས་ཀྱི་བཀག་རྒྱའི་གསལ་ཐོའི་དོ་དམ་དང་། ལས་གཞི་ཞིབ་བཤེར་གཏན་འབེབས་དབང་ཚད་གཤམ་སྤྲོད་བྱེད་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་ཡག་པོ་བྱེད་དགོས། དངུལ་འཇོག་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་དང་། སྡེ་ཁག་དང་ས་ཁོངས་བརྒལ་བའི་ལས་གཞི་གནད་ཆེན་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་ལམ་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་དགོས། ཞབས་ཞུའི་ལས་རིགས་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་དགོས། དམངས་ཁྲོད་ནས་མ་དངུལ་འཇོག་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་བསྔགས་སྐུལ་བྱེད་པ་དང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་པའི་ལམ་སྲོལ་གསར་པ་ཚད་ལྡན་སྒོས་ལག་བསྟར་བྱེད་པ། དམངས་ཁྲོད་ཀྱི་མ་རྩ་སྔར་ལས་མང་བ་རྨང་གཞིའི་སྒྲིག་བཀོད་གནད་ཆེན་དང་སྤྱི་ཚོགས་ཀྱི་དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་ནང་ཞུགས་པར་ཁྲིད་སྟོན་བཅས་བྱས་ནས། དམངས་ཁྲོད་ཀྱི་མ་རྩར་འཕེལ་རྒྱས་ཀྱི་བར་སྟོང་སྔར་ལས་ཆེན་པོ་ལྡན་པར་བྱེད་དགོས།
(གཉིས།) ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་སྟེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་པོར་འཛུགས་སྐྲུན་བྱེད་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། བཟོ་ལས་ཅན་དཔེ་གསར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྔོན་ཐོན་བཟོ་སྐྲུན་ལས་རིགས་རྒྱ་ཆེན་པོ་དང་སྟོབས་ཆེན་པོར་སྤེལ་བ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་བ། སྒུལ་ནུས་གསར་པ་རྨང་ཚུགས་སྟོབས་འཕེལ་ཡོང་བ་དང་སྲོལ་རྒྱུན་གྱི་སྒུལ་ནུས་གསར་སྒྱུར་རིམ་སྤར་ཡོང་བར་སྐུལ་སྤེལ་གཏོང་དགོས།
གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་དགོས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མཉམ་འདྲེས་ཁྱུ་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། ལྗོངས་གནས་གསར་པ་བཅས་གཞི་ཁྱོན་ཆེན་པོས་བཀོལ་སྤྱོད་བྱེད་པའི་དཔེ་སྟོན་བྱ་སྤྱོད་སྤེལ་ཏེ། ཚོང་ལས་མཁའ་སྐྱོད་དང་། དམའ་དབྱིངས་དཔལ་འབྱོར། མཚོ་གཏིང་ཚན་རྩལ་སོགས་གསར་དར་ཐོན་ལས་བདེ་འཇགས་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། འབྱུང་འགྱུར་ཐོན་ལས་ལ་མ་དངུལ་འཇོག་གྲངས་འཕར་སྣོན་གཏོང་བའི་ལམ་སྲོལ་འཛུགས་པ་དང་། སྐྱེ་དངོས་བཟོ་སྐྲུན་དང་། ཚད་རྡུལ་ཚན་རྩལ། གཟུགས་ལྡན་རིག་ནུས། 6Gསོགས་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་བྱེད་དགོས། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ཚོད་ལྟ་བྱེད་གནས་ཟབ་སྤེལ་དང་། ཞབས་ཞུ་ཅན་གྱི་བཟོ་སྐྲུན་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། ཐོན་ལས་གཅིག་འདོམས་ཀྱིས་བཀོད་སྒྲིག་དང་ཐོན་ནུས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བར་ཤུགས་བརྒྱབ་ནས། ཐོན་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་དང་འགྲན་རྩོད་ལེགས་པོ་ཡོང་བར་སྐུལ་སྤེལ་གཏོང་དགོས། རྒྱལ་ཁབ་ཀྱི་མཐོ་གསར་ཁུལ་གྱི་གསར་གཏོད་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། གསར་གཏོད་ཅན་གྱི་ཁེ་ལས་སྐས་རིམ་བཞིན་སྐྱེད་སྲིང་བྱེད་པ་དང་། ཆེད་ལས་སྤུས་ལེགས་ཁྱད་ལྡན་གསར་གྲས་བཅས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་དང་རྒྱ་སྐྱེད་ཡོང་བར་སྐུལ་སྤེལ་གཏོང་བ། རི་དྭགས་རྭ་གཅིག་ཁེ་ལས་དང་གཙོད་རྒོད་ཁེ་ལས་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བཅས་བྱས་ནས། ཁེ་ལས་སྔར་བས་མང་བ་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པར་འཕེལ་རྒྱས་སྔར་བས་མགྱོགས་པོ་ཡོང་བར་བྱེད་དགོས།
སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤར་ལ་སྐུལ་འདེད་གཏོང་དགོས།
བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་མུ་ཕྲེང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཐོན་ལས་རྨང་གཞི་བསྐྱར་སྐྲུན་དང་ལག་རྩལ་སྒྲིག་ཆས་གནད་ཆེན་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་ཁྱབ་ཁོངས་རྒྱ་སྐྱེད་དང་སྒོ་ཐེམ་དམའ་རུ་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་གནད་ཆེན་སྒྱུར་བཀོད་རིམ་སྤར་དང་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་གྱི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་དགོས། བཟོ་སྐྲུན་ལས་རིགས་གྲངས་ཀ་ཅན་དུ་རིགས་སྒྱུར་བྱེད་པ་མགྱོགས་སུ་གཏོང་བ་དང་། ལས་རིགས་ལ་རྒྱུས་མངའ་ཡོད་ཅིང་གྲངས་ཀ་ཅན་ལའང་རྒྱུས་མངའ་ཡོད་པའི་ཞབས་ཞུའི་ཚོང་པ་ཁག་ཅིག་སྐྱེད་སྲིང་བྱས་ཏེ། ཁེ་ལས་འབྲིང་ཆུང་གྲངས་ཀ་ཅན་དུ་རིགས་སྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚད་གཞི་ཇེ་མཐོར་གཏོང་བར་བརྟེན་ནས་སྲོལ་རྒྱུན་ཐོན་ལས་ཀྱི་ལེགས་སྒྱུར་རིམ་སྤར་ལ་སྣེ་ཁྲིད་བྱེད་པའི་བྱ་སྤྱོད་སྤེལ་དགོས། བཟོ་སྐྲུན་ལས་རིགས་ཀྱི་“རིགས་སྣ་མང་དུ་གཏོང་བ་དང་། སྤུས་ཀ་ལེགས་སུ་གཏོང་བ། སྤུས་རྟགས་གསར་དུ་གཏོད་པ་”བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཕྱོགས་ཡོངས་ནས་སྤུས་ཚད་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། སྤུས་རྟགས་གྲགས་ཅན་དང་སྤུས་ལེགས་དང་། ཐོན་ལས་ཕུལ་བྱུང་གཏོད་དགོས།
གྲངས་ཀའི་དཔལ་འབྱོར་གྱི་གསར་གཏོད་གསོན་ཤུགས་སྐུལ་སློང་བྱེད་དགོས། “མིས་བཟོས་རིག་ནུས་+”བྱ་སྤྱོད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། གྲངས་ཀའི་ལག་རྩལ་དེ་བཟོ་སྐྲུན་གྱི་དགེ་མཚན་དང་ཚོང་རའི་དགེ་མཚན་དང་ཟུང་འབྲེལ་སྔར་བས་ཡག་པོ་བྱེད་པ་དང་། དཔེ་དབྱིབས་ཆེན་པོ་ཡོངས་ཁྱབ་ཏུ་བེད་སྤྱོད་པར་རྒྱབ་སྐྱོར་བྱེད་པ། རིག་ནུས་དྲ་སྦྲེལ་ནུས་ཁུངས་གསར་པའི་རླངས་འཁོར་དང་། མིས་བཟོས་རིག་ནུས་ལག་ཁྱེར་ཁ་པར་དང་གློག་ཀླད། རིག་ནུས་འཕྲུལ་མི་སོགས་རབས་གསར་པའི་རིག་ནུས་མཐའ་སྣེ་དང་དེ་བཞིན་རིག་ནུས་བཟོ་སྐྲུན་སྒྲིག་ཆས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། 5Gགཞི་ཁྱོན་ཅན་གྱི་བེད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། བཟོ་ལས་དྲ་སྦྲེལ་གསར་གཏོད་འཕེལ་རྒྱས་མགྱོགས་སུ་གཏོང་བ། རྒྱལ་ཡོངས་ཀྱི་རྩིས་ནུས་ཐོན་ཁུངས་ཀྱི་བཀོད་པ་ལེགས་སྒྱུར་གཏོང་བ་བཅས་བྱས་ནས། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གྲངས་ཀའི་ཐོན་ལས་ཁྱུ་ཚོགས་འཛུགས་དགོས། གཞི་གྲངས་རྨང་གཞིའི་ལམ་ལུགས་གང་མགྱོགས་འཐུས་ཚང་དུ་གཏོང་བ་དང་། གཞི་གྲངས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཟབ་མོ་བྱེད་པ། གཞི་གྲངས་རྒྱལ་ཁོངས་ལས་བརྒལ་ནས་འཁོར་སྐྱོད་བྱེད་པར་སྐུལ་སྤེལ་དང་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས། ལས་སྟེགས་དཔལ་འབྱོར་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་བཏང་ནས། གསར་གཏོད་ལ་སྐུལ་སྤེལ་དང་། འཛད་སྤྱོད་རྒྱ་སྐྱེད། ལས་ཞུགས་བརྟན་པོ་གཏོང་བ་སོགས་ཀྱི་ཐད་དེའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
(གསུམ།) ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོ་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་བརྟན་དུ་གཏོང་དགོས།
སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ལོ་གསུམ་བྱ་སྤྱོད་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་དགོས། ཕྱོགས་ཡོངས་ནས་དུས་རབས་གསར་པའི་སྤྱོད་བཟང་དར་སྤེལ་དང་མི་སྣ་གསོ་སྐྱོང་བྱེད་པའི་ལས་གྲྭ་ལག་བསྟར་བྱེད་པ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་དུ་སྒྱུར་བཅོས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སློབ་གསོའི་ལེགས་སྐྱེད་སྤུས་འདེགས་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་འབོར་གྱི་འགྱུར་ལྡོག་དང་འཚམ་པའི་ཐོན་ཁུངས་གཅིག་འདོམས་སྡེབ་སྒྲིག་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་པ་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། མཐོ་འབྲིང་དུས་རིམ་གྱི་སློབ་གསོའི་སློབ་གནས་འདོན་རྒྱ་ཆེ་རུ་གཏོང་བ། རྫོང་ཁོངས་མཐོ་འབྲིང་གི་སྤུས་ཚད་མཐོར་འདེགས་གཏོང་བ། སློབ་ཡོན་མི་དགོས་པའི་སློབ་ན་མ་སོན་གོང་གི་སློབ་གསོ་རིམ་བཞིན་ཁྱབ་སྤེལ་གཏོང་བ་བཅས་བྱེད་དགོས། དམིགས་བསལ་སློབ་གསོ་དང་། རྒྱུན་མཐུད་སློབ་གསོ། ཆེད་དོན་སློབ་གསོ་བཅས་ལེགས་པར་གཉེར་བ་དང་། དམངས་གཉེར་སློབ་གསོ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་དགོས། ལས་རིགས་སློབ་གྲྭ་དང་མཐོ་འབྲིང་དཀྱུས་མ་མཉམ་འདྲེས་དང་། ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ནས། ལས་རིགས་སློབ་གསོའི་མཐུན་འཕྲོད་རང་བཞིན་ཆེ་རུ་གཏོང་དགོས། མཐོ་རིམ་སློབ་གྲྭའི་སྒྱུར་བཅོས་ལ་རིགས་འབྱེད་སྐུལ་འདེད་གཏོང་བ་དང་། དངོས་གཞིའི་ཚན་ཁག་སྤུས་ལེགས་རྒྱ་སྐྱེད་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། “རྩེ་གྲ་གཉིས་”ཀྱི་འཛུགས་སྐྲུན་མགྱོགས་སུ་གཏོང་བ། རིག་ཚན་བཀོད་སྒྲིག་དང་ལེགས་སྒྲིག་བྱེད་པའི་ལམ་སྲོལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་དཔེ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། སློབ་གྲྭའི་ལུས་རྩལ་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། སེམས་ཁམས་བདེ་ཐང་གི་སློབ་གསོ་ཁྱབ་གདལ་དུ་གཏོང་བ། དགེ་སློབ་ཀྱི་ལུས་སེམས་བདེ་ཐང་ལ་གཅེས་སྐྱོང་བྱེད་དགོས། སློབ་གསོ་པའི་སྙིང་སྟོབས་དར་སྤེལ་བཏང་ནས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་། དགེ་རྒན་གྱི་སྤྱོད་ལམ་འཛུགས་སྐྲུན་དང་དགེ་རྒན་གྱི་ཐོབ་ཐང་འགན་སྲུང་ལ་ཤུགས་རྒྱག་དགོས། རྒྱལ་ཁབ་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་དོ་ཁུར་ལ་དམ་པོར་དམིགས་ནས་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སློབ་གསོའི་རྒྱལ་ཁབ་ཆེན་པོ་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་གྱི་ཕྱོགས་སུ་མགྱོགས་མྱུར་སྐྱོད་དགོས།
ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒྲིག་སྲོལ་དཔེ་གསར་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་བྱེད་པ་དང་། མདུན་གྲལ་རང་བཞིན་དང་རྩ་སློག་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རྩལ་ལས་གཞི་གནད་ཆེན་སྒྲིག་འཛུགས་ལག་བསྟར་དང་སྔོན་ཚུད་ནས་བཀོད་སྒྲིག་གང་མགྱོགས་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་བཀོད་པ་ལེགས་སྒྱུར་དང་། ཚན་རིག་ཞིབ་འཇུག་ཁང་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཚོད་ལྟ་ཁང་གི་ཚན་ཞིབ་རྩ་འཛུགས་དཔེ་སྲོལ་དཔེ་གསར་འཚོལ་ཞིབ། རྒྱལ་སྤྱི་དང་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཚན་རྩལ་གྱི་གཏོང་སྒོས་རྨང་གཞིའི་ཞིབ་འཇུག་ལ་གཟིགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། འགྲན་རྩོད་རང་བཞིན་གྱི་རྒྱབ་སྐྱོར་དང་བརྟན་བརླིང་གི་རྒྱབ་སྐྱོར་ཕན་ཚུན་ཟུང་འབྲེལ་གྱི་གཏོང་འཇོག་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། རྨང་གཞིའི་ཞིབ་འཇུག་རྩ་འཛུགས་ཅན་དུ་འགྱུར་ཚད་ཇེ་མཐོར་གཏོང་དགོས། ཚན་རྩལ་སྣེ་ཁྲིད་ཁེ་ལས་ཀྱི་སྣ་འདྲེན་ནུས་པ་འདོན་སྤེལ་བྱས་ཏེ། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་ཤུགས་རྒྱག་པ་དང་། ལམ་ལུགས་ཀྱི་ཐོག་ནས་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ཀྱི་ཐབས་ཇུས་ནང་ཞུགས་པ་དང་ཚན་རྩལ་ལས་གཞི་གནད་ཆེན་སྒྲུབ་འགན་འཁུར་བར་འགན་སྲུང་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་ཚན་རྩལ་གྲོན་དངུལ་བགོ་བཤའ་དང་དོ་དམ་བེད་སྤྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་ཚོང་རའི་ཞབས་ཞུ་ཆ་ཚང་དུ་གཏོང་བ་དང་། ལས་ཐོག་ཚན་རྩལ་གྱི་གྲུབ་འབྲས་དབང་སྩོལ་དང་རྒྱུ་ནོར་ལོགས་འདོན་དོ་དམ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་གྱི་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། དོན་སྤྱིའི་ར་སྤྲོད་དང་དུས་དཀྱིལ་ཚོད་ལྟའི་ར་སྤྲོད། ལས་རིགས་ཐུན་མོང་རང་བཞིན་གྱི་ལག་རྩལ་བཅས་ཀྱི་ལས་སྟེགས་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། གསར་གཏོད་དངུལ་འཇོག་ཐེབས་རྩའི་ཁྱད་པར་ཅན་གྱི་ལྟ་སྐུལ་དོ་དམ་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་གཏོད་དངུལ་འཇོག་འཕེལ་རྒྱས་དང་ངང་རིང་མ་རྩ་སྟོབས་ཆེར་མགྱོགས་སུ་གཏོང་དགོས། ཚན་རྩལ་སྒོ་འབྱེད་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས། ཚན་རིག་ཁྱབ་གདལ་ལས་ཀར་ཤུགས་བརྒྱབ་ནས་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་དགོས། ཚན་རིག་པའི་སྙིང་སྟོབས་དར་སྤེལ་བཏང་ནས་འཚོལ་ཞིབ་ལ་བསྔགས་སྐུལ་དང་། ཕམ་ཁར་གུ་ཡངས་གཏོང་བའི་གསར་གཏོད་ཁོར་ཡུག་ཆགས་པར་སྐུལ་འདེད་གཏོང་དགོས།
ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣའི་དཔུང་སྡེའི་སྤུས་ཚད་མཐོ་རུ་གཏོང་དགོས། ཤེས་ལྡན་མི་སྣའི་མཐོ་ས་དང་ཤེས་ལྡན་མི་སྣའི་ལས་སྟེགས་ཀྱི་ཁྱབ་འགྱེད་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་སྟོབས་ཤུགས་གང་མགྱོགས་འཛུགས་སྐྲུན་བྱེད་པ། གསར་གཏོད་ཀྱི་ཤེས་ལྡན་མི་སྣ་རྩེར་སོན་དང་། གཙོ་གནད་ཁྱབ་ཁོངས་སུ་དགོས་མཁོ་ཆེ་ཞིང་དཀོན་པའི་ཤེས་ལྡན་མི་སྣ་དང་རྩལ་ནུས་ཆེ་བའི་ཤེས་ལྡན་མི་སྣ་བཅས་གསོ་སྐྱོང་བྱེད་པར་ཤུགས་རྒྱག་དགོས། ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣར་རྒྱབ་སྐྱོར་ཤུགས་ཆེན་དང་བློ་ཁོག་ཆེན་པོས་བཀོལ་སྤྱོད་བྱེད་དགོས། བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཐོན་ལས་ལག་རྩལ་བཟོ་པའི་དཔུང་སྡེ་རྩེ་གྲ་འཛུགས་སྐྲུན་བྱེད་དགོས། ཕྱི་རྒྱལ་ནས་གདན་འདྲེན་ཞུས་པའི་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁོངས་གཞན་གྱི་ཤེས་ལྡན་མི་སྣའི་ཞབས་ཞུ་ལེགས་སྒྱུར་བྱེད་དགོས། ཤེས་ལྡན་མི་སྣ་དོ་དམ་དང་བཀོལ་སྤྱོད་བྱེད་པའི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་དང་། མི་སྤྱོད་མཁན་སྡེ་ཚན་ལ་རང་བདག་གི་དབང་ཆ་སྔར་ལས་ཆེ་བ་སྤྲོད་པ། ཐོན་སློབ་ཞིབ་གསུམ་གྱི་ཤེས་ལྡན་མི་སྣ་མཉམ་འབྲེལ་གྱིས་གསོ་སྐྱོང་དང་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཤེས་ལྡན་མི་སྣའི་ས་ཁོངས་བཀོད་པ་ལུགས་མཐུན་ཡོང་བར་སྐུལ་སྤེལ་བཏང་ནས། ཤར་དབུས་ནུབ་གསུམ་གྱི་ཤེས་ལྡན་མི་སྣའི་རོགས་རེས་ལ་ཤུགས་རྒྱག་པ་དང་། ཕུལ་བྱུང་ཤེས་ལྡན་མི་སྣས་དབུས་ནུབ་ས་ཁུལ་དུ་བྱས་རྗེས་འཇོག་པ་དང་བྱ་གཞག་སྐྲུན་པར་བསྔགས་སྐུལ་བྱེད་དགོས། ཤེས་ལྡན་མི་སྣའི་རིགས་དབྱེའི་གདེང་འཇོག་སྒྱུར་བཅོས་དང་ཚན་སློབ་རིགས་ཁོངས་ཀྱི་“ཞྭ་མོ་”བཅོས་སྐྱོང་ཟབ་སྤེལ་བྱེད་པ་དང་། གསར་གཏོད་ནུས་པ་དང་། སྤུས་ཚད། དངོས་ཕན། བྱས་རྗེས་བཅས་ཁྲིད་ཕྱོགས་སུ་འཛིན་པའི་ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་བཙུགས་ནས། ཤེས་ལྡན་མི་སྣ་རིགས་ཁག་གིས་བློ་རྩེ་བསྒྲིམས་ནས་བརྩོན་ཞིབ་དང་། གྲབས་ཚགས་ཚུད་དང་གཏོང་གནད་འཁེལ་བྱེད་པར་བསྔགས་སྐུལ་བྱེད་དགོས།
(བཞི།) མཚོན་རྟགས་རང་བཞིན་གྱི་སྒྱུར་བཅོས་བྱེད་ཐབས་གང་མགྱོགས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་འདྲེན་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས། གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་སེལ་གང་ཐུབ་བྱས་ཏེ། སྔར་ལས་དྲང་སྙོམས་དང་སྔར་ལས་གསོན་ཤུགས་ལྡན་པའི་ཚོང་རའི་ཁོར་ཡུག་སྐྲུན་དགོས།
གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་ནུས་ལྡན་བྱེད་དགོས། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས་”རྒྱུན་འཁྱོངས་དང་དོན་འཁྱོལ་བྱེད་དགོས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་སྤེལ་མཐོར་འདེགས་གཏོང་བའི་བྱ་སྤྱོད་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བྱེད་པ་དང་། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་མཛུབ་ཁྲིད་ལག་ལེན་བསྟར་བ། གཞུང་ཁོངས་ཁེ་ལས་ཀྱིས་འཐབ་ཇུས་ཀྱི་འགན་འཁྲི་སྒྲུབ་ཚུལ་ལ་གདེང་འཇོག་བྱེད་པའི་ལམ་ལུགས་གང་མགྱོགས་འཛུགས་པ་བཅས་བྱེད་དགོས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། སྲིད་ཇུས་དང་བྱེད་ཐབས་བཅས་དོན་འཁྱོལ་ཏན་ཏིག་བྱས་ཏེ། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོབ་ཏན་ཏིག་བྱེད་པ་དང་། ཆ་རྐྱེན་འཛོམས་པའི་དམངས་གཉེར་ཁེ་ལས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་བསྔགས་སྐུལ་བྱེད་དགོས། ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་གཙང་བཤེར་བྱེད་པའི་ལས་ཀར་སྐུལ་འདེད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྱུང་རྩ་ནས་བཅོས་སྐྱོང་དང་ཁ་དན་ཚིག་ལ་མི་གནས་མཁན་ལ་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་གནད་དོན་ཐག་གཅོད་བྱེད་པའི་ཡུན་ཕན་ལམ་སྲོལ་དོན་འཁྱོལ་བྱེད་དགོས། སྲིད་གཞུང་དང་ཁེ་ལས་རྒྱུན་རྣམ་ཅན་གྱི་འབྲེལ་མཐུད་སྤེལ་རེས་ཟབ་མོ་བྱས་ཏེ། ཁེ་ལས་ཀྱི་དངོས་ཡོད་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་ཏན་ཏིག་བྱེད་དགོས། ཐབས་མང་མཉམ་སྤྱོད་ཀྱིས་སྒེར་གཉེར་བཟོ་ཚོང་ཐེམ་དུད་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་གནད་འཁེལ་བྱེད་དགོས། ཁེ་ལས་དང་འབྲེལ་བའི་ཁྲིམས་བསྟར་ཚད་ལྡན་དུ་གཏོང་བའི་ཆེད་དམིགས་བྱ་སྤྱོད་སྤེལ་ཏེ། གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་། དངུལ་ཆད་གང་བྱུང་དུ་གཅོད་པ། ཞིབ་བཤེར་གང་བྱུང་དུ་བྱེད་པ། སྒོ་ཐེལ་གང་བྱུང་དུ་རྒྱག་པ་བཅས་གཅིག་སྡུད་ཀྱིས་བཅོས་སྒྲིག་བྱས་ནས། སྒྲིག་འགལ་ངང་ཡུལ་གཞན་དུ་ཁྲིམས་བསྟར་དང་ཕན་གཉེར་རང་བཞིན་གྱི་ཁྲིམས་བསྟར་ལ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། སྲིད་གཞུང་གིས་ཞབས་ཞུ་སྒྲུབ་རིམ་ཁྲོད་དུ་དོ་དམ་བྱེད་པ་དང་ཞབས་ཞུའི་དྲོད་འཁོལ་ལ་བརྟེན་ནས་ཁེ་ལས་ཀྱི་ཡིད་ཆེས་འཕེལ་བར་བྱེད་དགོས།
རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། རྨང་གཞིའི་ལམ་ལུགས་དང་སྒྲིག་སྲོལ་གང་མགྱོགས་འཛུགས་པ་དང་ཆ་ཚང་དུ་གཏོང་བ་དང་། ས་གནས་སྲུང་སྐྱོབ་དང་ཚོང་ར་ལོགས་འབྱེད་བྱེད་རིགས་གཙང་སེལ་བྱེད་པ། ཚོང་རར་ཞུགས་འཐུས་ཕྱིར་འཐེན་དང་། བདག་རྐྱེན་བགོ་སྒྲིག་སོགས་ཐད་ཀྱི་དཔལ་འབྱོར་རེས་འཁོར་ལ་ཚོད་འཛིན་ཐེབས་པའི་ཐོགས་ས་དང་འགག་གནས་སེལ་ནས། “ནང་རྩོད་རྣམ་པའི་”འགྲན་རྩོད་ཕྱོགས་བསྡུས་བཅོས་སྒྲིག་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱ་རྒྱུ་ལག་བསྟར་དང་། ཚོང་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་པར་གཞི་གསར་པ་བཟོ་བཅོས་བརྒྱབ་ནས་འདོན་པ། ལས་རྣམ་གསར་པ་དང་ཁྱབ་ཁོངས་གསར་པའི་ཚོང་རར་ཞུགས་འཐུས་ཁོར་ཡུག་ལེགས་སྒྱུར་བཅས་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་འགྲན་རྩོད་དྲང་སྙོམས་སྒྲིག་མཐུན་ཡོང་བའི་མཛུབ་ཁྲིད་གཏན་འབེབས་བྱེད་པ་དང་། དམིགས་འགུག་དམིགས་འཇོག་གི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་ཡིད་རྟོན་མ་ལག་ཆ་ཚང་དུ་གཏོང་བའི་སྲིད་ཇུས་དངོས་སུ་བཏོན་ནས། གཅིག་གྱུར་གྱི་ཡིད་རྟོན་ཉམས་གསོའི་ལམ་ལུགས་འཛུགས་དགོས། ཁེ་ལས་སྟབས་བདེར་ཕྱིར་འཐེན་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གཉེར་སྐྱོང་བྱེད་པོའི་བྱེད་སྒོ་སྤེལ་ཡུལ་གྱི་བསྡོམས་རྩིས་རིམ་བཞིན་ཁྱབ་གདལ་གཏོང་དགོས། གཅིག་གྱུར་སྒོ་འབྱེད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཚོང་ར་གང་མགྱོགས་བཙུགས་ནས། སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་གཏོང་བའི་ཆེད་དམིགས་བྱ་སྤྱོད་ལག་བསྟར་བྱེད་དགོས།
ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ཀྲུང་དབྱང་སྡེ་ཁག་གི་རྨང་མེད་སྔོན་རྩིས་སྒྱུར་བཅོས་ཚོད་ལྟ་སྤེལ་བ་དང་། ས་གནས་ཀྱིས་རྨང་མེད་སྔོན་རྩིས་སྒྱུར་བཅོས་ཟབ་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། གཏོང་སྒོའི་ཚད་གཞི་དང་། བྱས་འབྲས་གདེང་འཇོག་སོགས་འགག་རྩའི་ལམ་ལུགས་ཐད་གསར་གཏོད་ཧུར་ཐག་བྱེད་དགོས། དངོས་རྫས་ཀྱི་རྣམ་གྲངས་ཁག་ཅིག་གི་འཛད་སྤྱོད་དཔྱ་ཁྲལ་བསྡུ་བའི་ལྷུ་ཚིགས་རྗེས་སྤོ་བྱེད་པ་མ་ཟད་ས་གནས་ལ་གཤམ་སྤྲོད་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ས་གནས་ཀྱི་རང་བདག་ནོར་ཤུགས་ཇེ་ཆེར་གཏོང་དགོས། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཚད་ལྡན་དུ་གཏོང་དགོས། སྐུལ་ལྕག་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ནས་བཙུགས་ཏེ། ས་གནས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ནོར་ཁུངས་སྐྱེད་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ནོར་སྲིད་ཀྱིས་འཚོ་སྐྱོང་བྱེད་པའི་མི་སྣའི་གཞི་ཁྱོན་ཚོད་འཛིན་ནན་པོ་བྱེད་དགོས། ཚན་རྩལ་དངུལ་རྩ་དང་། ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོ་དངུལ་རྩ། གྲངས་ཀའི་དངུལ་རྩ་བཅས་ཀྱི་ཚད་གཞིའི་མ་ལག་དང་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། མ་རྩའི་ཚོང་རར་དངུལ་འཇོག་དངུལ་སྡུད་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཟབ་སྤེལ་དང་། དུས་ཡུན་འབྲིང་རིང་གི་མ་དངུལ་ཚོང་རར་ཞུགས་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། འཐབ་ཇུས་རང་བཞིན་གྱི་སྟོབས་ཤུགས་གསོག་འཇོག་དང་ཚོང་ར་བརྟན་དུ་གཏོང་བའི་ལམ་སྲོལ་འཛུགས་པར་ཤུགས་རྒྱག་དགོས། མ་རྐང་འཛིན་ཤོག་འགྲེམས་སྤེལ་དང་ཚོང་རར་འདོན་པ་དང་ཟླ་སྒྲིལ་བསྐྱར་སྒྲིག་བྱེད་པའི་ལམ་ལུགས་སྒྱུར་བཅོས་དང་ལེགས་སྒྱུར་བྱེད་དགོས། རིམ་པ་མང་བའི་བུན་འཛིན་ཚོང་ར་འཕེལ་རྒྱས་མགྱོགས་སུ་གཏོང་དགོས།
(ལྔ།) ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། ཕྱི་ཚོང་དང་ཕྱི་དངུལ་བརྟན་པོ་ཡོང་གང་ཐུབ་བྱེད་དགོས། ཕྱི་ཕྱོགས་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་སྒོ་འབྱེད་གཡོ་འགུལ་མེད་པར་རྒྱུན་འཁྱོངས་དང་། ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེ་རུ་གཏོང་བ། གོ་རིམ་ལྡན་པའི་སྒོ་ནས་རང་བདག་སྒོ་མོ་འབྱེད་རྒྱ་དང་ཕྱོགས་རྐྱང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། སྒོ་འབྱེད་ལ་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་བརྟན་བརླིང་ཡོང་བར་བྱེད་དགོས། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་ཡོང་བའི་སྲིད་ཇུས་ཀྱི་ཤུགས་ཚད་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱིས་མངགས་ཐོ་བརྟན་པོ་དང་ཚོང་ར་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས། དངུལ་སྡུད་དང་། བསྡོམས་རྩིས། ཕྱི་དངུལ་སོགས་དངུལ་རྩའི་ཞབས་ཞུ་ལེགས་སྒྱུར་བྱེད་པ་དང་། ཕྱིར་གཏོང་ཡིད་རྟོན་འགན་བཅོལ་དང་ལེན་བྱེད་དངུལ་གྱི་གཞི་ཁྱོན་དང་ཁེབས་རྒྱ་ཆེ་རུ་གཏོང་བ་དང་། ཁེ་ལས་ཕྱི་རྒྱལ་དུ་འགྲེམས་སྟོན་ནང་ཞུགས་པ་དང་འགྲེམས་སྟོན་གཉེར་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁོངས་ལས་བརྒལ་བའི་སྐུར་སྐྱེལ་ཟོག་འགྲེམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཕྱིའི་བང་མཛོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁོངས་ཕྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁུལ་གྱི་ནུས་པ་རྒྱ་སྐྱེད་གཏོང་བ། བར་མའི་ཐོན་རྫས་ཉོ་ཚོང་འཕེལ་རྒྱས་གཏོང་བ། སྣ་མང་ཅན་གྱི་ཚོང་ར་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས། ཚད་གཞི་དཔང་སྒྲུབ་དང་ཚོང་རའི་ཐབས་ལམ་སོགས་ཐད་ཀྱི་གནད་དོན་གང་མགྱོགས་ཐག་གཅོད་བྱེད་དགོས། ཞབས་ཞུའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་གྱི་དགེ་མཚན་ལྡན་པའི་ཞབས་ཞུའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ཞབས་ཞུ་ཕྱིར་གཏོང་བྱེད་པར་བསྔགས་སྐུལ་དང་སྤུས་ལེགས་ཞབས་ཞུ་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལྗང་མདོག་ཉོ་ཚོང་དང་གྲངས་ཀའི་ཉོ་ཚོང་སོགས་འཕར་གཞི་གསར་པ་སྐྱེད་སྲིང་བྱས་ནས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ངོགས་བྲལ་ཉོ་ཚོང་དཔེ་གསར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། མཐའ་མཚམས་ཉོ་ཚོང་འཕེལ་རྒྱས་ཧུར་ཐག་གཏོང་དགོས། ནང་འདྲེན་དངོས་མང་འགྲེམས་ཚོགས་དང་། ཀོང་ཀྲོའུ་ཉོ་ཚོང་འདུ་ཚོགས།
ཞབས་ཞུའི་ཉོ་ཚོང་འགྲེམས་ཚོགས། གྲངས་ཀའི་ཉོ་ཚོང་འགྲེམས་ཚོགས།
འཛད་རྫས་དངོས་མང་འགྲེམས་ཚོགས་སོགས་འགྲེམས་ཚོགས་གནད་ཆེན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་པར་གཉེར་དགོས། རིག་ལྡན་འགག་སྒོ་འཛུགས་སྐྲུན་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས། འགག་སྒོ་བགྲོད་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་བསྔགས་སྐུལ་ཤུགས་ཆེན་བྱེད་དགོས། ཞབས་ཞུའི་ལས་རིགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཕྱོགས་བསྡུས་ཚོད་ལྟའི་དཔེ་སྟོན་ལ་སྐུལ་འདེད་གཏོང་བ་དང་། དྲ་སྦྲེལ་དང་རིག་གནས་སོགས་ཀྱི་ཁྱབ་ཁོངས་གོ་རིམ་ལྡན་པའི་སྒོ་ནས་སྒོ་མོ་འབྱེད་པར་སྐུལ་འདེད་གཏོང་བ། གློག་འཕྲིན་དང་། སྨན་བཅོས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་སྒོ་འབྱེད་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཕྱི་རྒྱལ་གྱི་མ་དངུལ་འཇོག་མཁན་གྱིས་ཡང་བསྐྱར་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་བར་བསྔགས་སྐུལ་དང་། ཐོན་ལས་མུ་ཕྲེང་གི་གོང་འོག་ཆ་འགྲིག་མཉམ་ལས་ནང་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། ཕྱི་རྒྱལ་གྱི་མ་དངུལ་བཞག་པའི་ཁེ་ལས་ལ་བདག་རྐྱེན་འཐོབ་ལེན་དང་། ཐོབ་ཐང་ཆོག་འཐུས། ཚད་གཞི་གཏན་འབེབས། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཐད་ཀྱི་རྒྱལ་དམངས་ཐོབ་ཐང་འགན་སྲུང་ཏན་ཏིག་བྱེད་དགོས། ཕྱི་རྒྱལ་གྱི་མ་དངུལ་བཞག་པའི་ཁེ་ལས་ཀྱི་ཞབས་ཞུའི་འགན་སྲུང་ལ་ཤུགས་རྒྱག་པ་དང་། མཚོན་རྟགས་རང་བཞིན་གྱི་ལས་གཞི་མགྱོགས་སུ་དོན་འཁྱོལ་བྱེད་པ། “དངུལ་འཇོག་ཀྲུང་གོའི་”སྤུས་རྟགས་རྒྱུན་མཐུད་ངང་གཏོད་དགོས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྤུས་ཕྱོད་མཉམ་འདེགས་དང་སྒྱུར་བཅོས་ལས་འགན་རྒྱ་སྐྱེད་པ་ལ་དབང་སྐུར་བར་སྐུལ་འདེད་གཏོང་བ་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ལྟེ་བའི་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ། དཔལ་འབྱོར་གསར་སྤེལ་ཁུལ་གྱི་སྒོ་འབྱེད་འཕེལ་རྒྱས་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་རིགས་སྒྱུར་རིམ་སྤར་བྱེད་པར་སྐུལ་སྤེལ་བྱེད་དགོས། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་རྒྱུན་མཐུད་ངང་བསྐྲུན་ནས། ཕྱི་རྒྱལ་གྱི་མ་དངུལ་བཞག་པའི་ཁེ་ལས་སྔར་ལས་ལྷག་པར་འཕེལ་རྒྱས་གཏོང་དགོས།
སྤུས་ཚད་མཐོ་བའི་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས། མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གནད་ཆེན་དང་“ཆུང་ཞིང་མཛེས་པའི་”དམངས་འཚོའི་ལས་གཞི་འཛུགས་སྐྲུན་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་སྟེ། དཔེ་སྟོན་རང་བཞིན་གྱི་མཉམ་ལས་གྲུབ་འབྲས་ཁག་ཅིག་ཆགས་པར་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་ཀྱི་རེས་སྐྱོད་མེ་འཁོར་བརྟན་བརླིང་འཁོར་སྐྱོད་ཐོགས་མེད་ཡོང་བར་འགན་སྲུང་དང་། ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་རྒྱུ་ལམ་གསར་པ་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། ཕྱི་ཕྱོགས་ལ་མ་དངུལ་འཇོག་རྒྱུ་སྐྱོན་བྲལ་དང་། བདེ་འཇགས། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་གོང་དུ་སྤེལ་བར་ཁྲིད་སྟོན་དང་། བཅའ་ཁྲིམས་དང་། དངུལ་རྩ། ཟོག་འགྲེམས་སོགས་ཕྱི་རྒྱལ་གྱི་ཕྱོགས་བསྡུས་ཞབས་ཞུར་ཤུགས་རྒྱག་པ། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་རྒྱལ་སྤྱིའི་མཉམ་ལས་བཀོད་པ་ལེགས་སྒྱུར་བཅས་བྱེད་དགོས།
ཕྱོགས་མང་དང་ཕྱོགས་གཉིས། ས་ཁོངས་བཅས་ཀྱི་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། གོ་ལ་ཧྲིལ་པོར་ཁ་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་རྒྱ་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། ཀྲུང་གོ་—ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་གྱི་རིམ་སྤར་གྲོས་མཐུན་པར་གཞི་3.0ལ་མིང་རྟགས་འགོད་རྒྱུར་སྐུལ་འདེད་གཏོང་བ་དང་། 《གྲངས་ཀའི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་》དང་《ཕྱོགས་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་རོགས་ཟླའི་འབྲེལ་བའི་གྲོས་མཐུན་》ལས་རིམ་ནང་ཧུར་ཐག་ཞུགས་པར་སྐུལ་འདེད་གཏོང་དགོས། འཛམ་གླིང་ཉོ་ཚོང་རྩ་འཛུགས་ལྟེ་བར་གྱུར་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་ཁག་དང་ཁེ་ཕན་བསྣོལ་འདྲེས་ཡོང་གནས་རྒྱ་ཆེར་བཏང་ནས། མཉམ་དུ་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་དགོས།
(དྲུག།) གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་འདུམ་སེལ་ནུས་ལྡན་བྱས་ཏེ། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མཐའ་ཚད་བརྟན་པོར་སྲུང་དགོས། འཕེལ་རྒྱས་དང་བདེ་འཇགས་སྔར་ལས་ལྷག་པར་གཅིག་གྱུར་འཆར་འགོད་བྱེད་པ་དང་། འཕེལ་རྒྱས་ཁྲོད་ཉེན་ཁ་རིམ་བཞིན་འདུམ་སེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་སྐུལ་རེས་བཟང་པོ་མངོན་འགྱུར་གང་ཐུབ་བྱེད་དགོས།
ས་ཁང་ཐོན་ལས་ཚོང་ར་ཆག་ཆད་བསྐྱར་བརྟན་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་ཉུང་འཕྲི་བྱེད་པ་དང་། གྲོང་ཁྱེར་ནང་གི་གྲོང་ཚོ་དང་ཁང་པ་ཉེན་ཅན་དང་རྙིང་པ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་ནས། དགོས་ངེས་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོའི་གཏིང་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས། གྲོང་ཁྱེར་གྱི་བར་སྟོང་གྲུབ་ཚུལ་དང་ས་ཞིང་བེད་སྤྱོད་བྱེད་སྟངས་ལེགས་སྒྱུར་བྱེད་པ་དང་། གསར་དུ་འཕར་བའི་ས་ཁང་ཐོན་ལས་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་འདོན་སྤྲོད་བྱེད་ཚད་ཚོད་འཛིན་ལུགས་མཐུན་བྱེད་དགོས། བསགས་འབོར་སྤྱོད་ས་དང་ཚོང་གཉེར་དང་ལས་སྒྲུབ་ཁང་པ་འཁྲུག་གཏོང་བྱེད་པ་དང་། བསགས་འབོར་ཚོང་ཟོག་སྡོད་ཁང་ཉོ་སྒྲུབ་བྱེད་པར་སྐུལ་འདེད་བཏང་སྟེ། ཉོ་སྒྲུབ་བྱེད་པོ་དང་། རིན་གོང་། སྤྱོད་སྒོ་བཅས་ཀྱི་ཐད་གྲོང་ཁྱེར་སྲིད་གཞུང་ལ་རང་བདག་དབང་ཆ་སྔར་ལས་ཆེ་བ་སྤྲོད་དགོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་དངུལ་བུན་བསྐྱར་གཏོང་བཀོལ་སྤྱོད་བྱེད་ཁྱོན་ཆེ་རུ་གཏོང་དགོས། ས་ཁང་ཐོན་ལས་ཀྱི་དངུལ་སྡུད་མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། སྡོད་ཁང་རྩིས་སྤྲོད་འགན་ལེན་གྱི་ལས་དོན་མུ་མཐུད་ཡག་པོར་སྒྲུབ་པ་དང་། ས་ཁང་ཁེ་ལས་ཀྱི་བུན་འགན་ཁ་ཆད་དང་འགལ་བའི་ཉེན་ཁ་འགོག་ཟོན་ནུས་ལྡན་བྱེད་དགོས། འབྲེལ་ཡོད་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་གོ་རིམ་ལྡན་པའི་སྒོ་ནས་འཛུགས་པ་དང་། ས་ཁང་ཐོན་ལས་འཕེལ་རྒྱས་དཔེ་སྲོལ་གསར་པ་གང་མགྱོགས་འཛུགས་དགོས། མི་དམངས་མང་ཚོགས་ཀྱི་སྤུས་ལེགས་གཞིས་སྡོད་དགོས་མཁོ་དང་འཚམ་པ་དང་། ཚད་གཞི་འཐུས་ཚང་དུ་བཏང་ནས་བདེ་འཇགས་དང་། བག་ཕེབས། ལྗང་མདོག །རིག་ལྡན་བཅས་ཀྱི་“ཁང་པ་ཡག་པོ་”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་བརྟན་པོའི་ངང་སེལ་ཐབས་བྱེད་དགོས། འཕེལ་རྒྱས་ཁྲོད་བུ་ལོན་སེལ་བ་དང་བུ་ལོན་སེལ་བའི་ཁྲོད་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བུ་ལོན་སེལ་བའི་ཇུས་གཞི་སྡེབ་གཅིག་མ་འཐུས་ཚང་དང་དོན་འཁྱོལ་བྱེད་པ་དང་། དཔྱད་ཞིབ་དང་དོ་དམ་ཚོད་འཛིན་བྱེད་ཐབས་ལེགས་སྒྱུར། བུ་ལོན་གྱི་ཉེན་ཁ་ཆེ་བའི་ས་ཁུལ་གྱི་མིང་ཐོ་འགུལ་རྣམ་གྱིས་ལེགས་སྒྲིག་བཅས་བྱས་ཏེ། མ་དངུལ་འཇོག་པའི་བར་སྟོང་གསར་པ་གཏོད་པར་རྒྱབ་སྐྱོར་བྱེད་དགོས། ཚན་རིག་དང་མཐུན་པའི་རིགས་དབྱེ་དང་བརྗེ་ལེན་གནད་འཁེལ་བྱེད་པའི་རྩ་དོན་ལྟར། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་བརྗེ་ལེན་ལས་དོན་ཡག་པོར་སྒྲུབ་དགོས། སྲིད་གཞུང་གི་བུ་ལོན་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྒྲིག་འགལ་གྱིས་བུ་ལོན་ལེན་པའི་ཐལ་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ས་གནས་ཀྱི་དངུལ་སྡུད་ལས་སྟེགས་དང་སྲིད་གཞུང་གི་དངུལ་སྡུད་བྱེད་ནུས་གང་མགྱོགས་སྒོས་ལོགས་འབྱེད་བྱས་ཏེ། ཚོང་ར་ཅན་དུ་རིགས་སྒྱུར་བྱེད་པ་དང་བུ་ལོན་གྱི་ཉེན་ཁ་འདུམ་སེལ་བྱེད་པར་སྐུལ་འདེད་གཏོང་དགོས།
དངུལ་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་ཧུར་ཐག་བྱེད་དགོས། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་ལྟར། ས་གནས་ཀྱི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་ཉེན་ཁ་ཐག་གཅོད་དང་རིགས་སྒྱུར་འཕེལ་རྒྱས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་ཀྱིས་མ་རྩའི་དངུལ་གསབ་སྣོན་དང་ཟླ་སྒྲིལ་བསྐྱར་སྒྲིག །ཚོང་ར་ལས་ཕྱིར་འཐེན་པ་སོགས་ཀྱི་རྣམ་པ་སྤྱད་དེ་ཉེན་ཁ་རིགས་དབྱེ་ནས་འདུམ་སེལ་བྱེད་དགོས། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་བྱེད་ནུས་ངེས་གནས་དང་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཁྱད་པར་ཅན་དང་རང་མཚན་ཅན་གྱི་འཕེལ་རྒྱས་མངོན་འགྱུར་ཐུབ་པར་སྐུལ་འདེད་གཏོང་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་མ་ལག་ཆ་ཚང་དུ་བཏང་སྟེ། སྡེ་ཁག་བརྒལ་བའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་དང་ས་གནས་ཀྱི་ལྟ་སྐུལ་དོ་དམ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲིམས་མཐུན་མ་ཡིན་པའི་དངུལ་རྩའི་བྱེད་སྒོར་རྡུང་རྡེག་ཚ་ནན་གཏོང་བའི་རྣམ་པ་མཐའ་འཁྱོངས་བྱེད་དགོས། བཅོལ་དངུལ་འགན་བཅོལ་ཐེབས་རྩ་དང་དངུལ་རྩ་བརྟན་བརླིང་འགན་སྲུང་ཐེབས་རྩ་སོགས་ཉེན་སེལ་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཕྱི་ཕྱོགས་ཀྱི་ཉེན་ཁའི་ཕོག་ཐུག་ལ་ཁ་གཏད་འཇལ་བའི་སྔོན་ཇུས་འཐུས་ཚང་དུ་བཏང་ནས་དངུལ་རྩའི་བདེ་འཇགས་བརྟན་བརླིང་སྲུང་སྐྱོང་ནུས་ལྡན་བྱེད་དགོས།
(བདུན།) “ཞིང་གསུམ་”ལས་དོན་དམ་འཛིན་ཡག་པོ་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཞིང་ལས་དང་གྲོང་གསེབ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། “ཁྲི་སྟོང་ལས་གྲྭའི་”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ། ཞིང་དར་ཞིང་ཕན་ཞིང་ཕྱུག་གསུམ་གྱི་རྒྱབ་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་གསོན་ཤུགས་ཆེ་རུ་སྐྱེད་པ། ཞིང་པའི་ཡོང་འབབ་སྤར་བ་བཅས་ལ་ཐབས་བརྒྱ་ཇུས་སྟོང་གིས་སྐུལ་འདེད་གཏོང་དགོས།
འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་བརྟན་སྤྲོད་སྲུང་གི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། འབྲུ་རིགས་འདེབས་ཁྱོན་བརྟན་བརླིང་ཡོང་བར་བྱེད་པ་དང་། མུའུ་རེའི་ཐོན་ཚད་དང་སྤུས་ཚད་མཐོ་རུ་གཏོང་བར་ནུས་ཤུགས་གཙོ་བོ་འདོན་དགོས། སྲན་ཆེན་འདེབས་རྒྱ་ཆེ་རུ་བཏང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྣུམ་རྒྱུའི་ཐོན་སྐྱེད་རྒྱ་སྐྱེད་གཏོང་བའི་གཏིང་ཤུགས་གསར་སྤེལ་སྔོག་འདོན་བྱེད་དགོས། སྲིང་མངར་འགྱིག་གསུམ་སོགས་ཐོན་བརྟན་སྤུས་འདེགས་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱུགས་ལས་དང་ཉ་ལས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་རོགས་སྐྱོར་དང་། དེང་རབས་སྒྲིག་བཀོད་ཞིང་ལས་གོང་དུ་སྤེལ་བར་རྒྱབ་སྐྱོར། ཕྱོགས་མཐའ་ཡོངས་ནས་ཟས་རིགས་ཐོན་ཁུངས་གསར་སྤེལ་བཅས་བྱེད་དགོས། རྨོ་ཞིང་གི་དམར་ཐིག་དམ་སྲུང་བྱེད་པ་དང་། བཟུང་གསབ་དོ་མཉམ་ཡོང་བར་དོ་དམ་ནན་པོ་བྱེད་དགོས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་། བདག་སྐྱོང་། བཀོལ་སྤྱོད་བཅས་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཞིང་ཁའི་ཆུ་བེད་སྒྲིག་བཀོད་དང་དེང་རབས་ཅན་གྱི་ཞིང་ཆུ་འདྲེན་ཁུལ་འཛུགས་སྐྲུན་ལ་ཤུགས་རྒྱག་པ། ཞན་འགྱུར་རྨོ་ཞིང་བཅོས་སྐྱོང་དང་བེད་མེད་དུ་བསྐྱུར་བའི་ས་ཞིང་བསྐྱར་སྦོལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཞིང་འཕྲུལ་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་དང་། ཞིང་ལས་ཚན་རྩལ་གྱི་གྲུབ་འབྲས་གཞི་ཁྱོན་ཆེན་པོས་ཁྱབ་གདལ་ཇེ་མགྱོགས་སུ་གཏོང་དགོས། ཕྱོགས་བསྡུས་ཇུས་བསྟར་གྱིས་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་དུ་མཐའ་འཁྱོངས་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་བྱས་པའི་འབྲུ་རིགས་ཐོན་འཚོང་ཁུལ་གྱི་ཞིང་ཆེན་དབར་འཕྲེད་ཕྱོགས་ཁེ་ཕན་གུན་གསབ་བྱེད་འགོ་ཚུགས་ཏེ། འབྲུ་རིགས་ཐོན་འབབ་མང་བའི་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲུ་འདེབས་ཞིང་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཧུར་བརྩོན་རང་བཞིན་སྲུང་སྐྱོབ་བྱེད་དགོས། ས་ཁུལ་ཁག་ཚང་མས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་གི་འགན་འཁྲི་ཕྲག་ཏུ་བརྟན་པོར་ཁུར་ཏེ་མཉམ་དུ་ལྟོ་ཕོར་སྔར་བས་བརྟན་པོར་འཛིན་དགོས།
དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་ལྷོད་གཡེང་གཏན་ནས་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ཕན་ནུས་ཆེ་རུ་གཏོང་བ་དང་། “འགན་སྲུང་གསུམ་”དང་འཐུང་ཆུའི་བདེ་འཇགས་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་མཐོ་རུ་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་འབྱུང་བའི་འགན་ལེན་ཏན་ཏིག་བྱེད་དགོས། ཡུལ་གཞན་དུ་གནས་སྤོ་བྱེད་པའི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་བརྒྱབ་ནས། རོགས་སྐྱོར་ཐོན་ལས་ཀྱི་སྤུས་ཕྱོད་མཉམ་འདེགས་ཡོང་བར་རིགས་དབྱེ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྒུད་གསབ་ལས་སྤྲོད་བྱེད་རྒྱ་ཇེ་ཆེར་གཏོང་བ་བཅས་བྱེད་དགོས། ཤར་རྒྱུད་དང་ནུབ་རྒྱུད་རོགས་ལས་དང་དམིགས་བཙུགས་རོགས་སྐྱོར། འཛད་སྤྱོད་རོགས་སྐྱོར་བཅས་ཟབ་སྤེལ་བྱེད་དགོས། དབུལ་བྲལ་འགག་སྒྲོལ་ལ་རྒྱལ་ཁབ་ཀྱིས་གཏོང་འཇོག་བྱས་རིགས་རྒྱུ་ནོར་དུ་གྲུབ་པའི་ཡུན་ཕན་དོ་དམ་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱེད་པའི་ལམ་སྲོལ་དང་ཡོང་འབབ་དམའ་བའི་མི་འབོར་དང་། དར་རྒྱས་ཞན་པའི་ས་ཁུལ་བཅས་ལ་རིམ་པ་དང་རིགས་བཀར་ནས་རོགས་སྐྱོར་བྱེད་པའི་ལམ་ལུགས་གཅིག་འདོམས་ཀྱིས་འཛུགས་པ་དང་། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བའི་སྤྱི་ཡོངས་ཀྱི་དཔྱད་དཔོག་བྱས་ནས། བར་བརྒལ་དུས་སྐབས་འདས་རྗེས་ཀྱི་རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས།
གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་དང་། ས་ཞིང་འགན་གཙང་ལེན་རིམ་གཉིས་པའི་དུས་ཡུན་ཐིམས་རྗེས་ཡང་བསྐྱར་ལོ་30རིང་རྒྱུན་བསྲིང་གཏོང་བའི་ཚོད་ལྟར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། ཞིང་ཆེན་ཧྲིལ་པོར་ཚོད་ལྟའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། འགན་གཙང་བླངས་པའི་ས་ཞིང་གི་གཉེར་སྐྱོང་དབང་ཆའི་རྒྱུན་འཁོར་རིན་གོང་གྲུབ་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་དཔེ་གསར་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་དངུལ་འཇོག་དངུལ་བསྡུའི་ལམ་སྲོལ་གསར་གཏོད་བྱེད་དགོས། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་སྟོབས་ཆེར་གཏོང་དགོས། ཐུན་མོང་ནགས་དབང་དང་། ས་རྒོད་གསར་སྦོལ། མཁོ་འཚོང་ཁང་། ཞིང་ལས་ཆུ་རིན་སོགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ལས་དར་དང་། རྫོང་དྲག །དམངས་ཕྱུག་བཅས་གཞི་གཅིག་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། “ཡུལ་ཐོན་ཁྱད་རྫས་”ཀྱི་ལས་དོན་ཡག་པོར་སྒྲུབ་པ་དང་། ནགས་འདབས་དཔལ་འབྱོར་འཕེལ་རྒྱས་གཏོང་བ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ཕྲེང་བསྲིང་ཕྱོད་འདེགས་དང་ཞིང་འབྲེལ་ཞིང་ཁྲིད་བྱ་རྒྱུར་སྐུལ་སྤེལ་གཏོང་བ་བཅས་བྱས་ནས། ཞིང་པའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། ཤེས་དཔལ་ལྡན་པའི་ཡུལ་སྲོལ་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། ཞིང་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། གྲོང་གསེབ་ཀྱི་གོམས་སྲོལ་བརྗེ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ། མི་སྡོད་ཁོར་ཡུག་བཅས་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པ་དང་། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས།
(བརྒྱད།) གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་བར་སྟོང་བཀོད་པ་སྔར་བས་ལེགས་སྒྱུར་བྱེད་དགོས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མི་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་སྟེ། དགེ་མཚན་གསབ་རེས་ཀྱི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་དང་རྒྱལ་ཁབ་མངའ་ཁོངས་བར་སྟོང་གི་མ་ལག་འཛུགས་དགོས།
གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་འཐབ་ཇུས་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་བསྒྱུར་བར་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། རྒྱུན་སྡོད་ས་ཆར་གཞི་རྩའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མཉམ་སྤོས་བུ་ཕྲུག་གི་འོས་འགན་སློབ་གསོར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཆ་རྐྱེན་དང་མཐུན་པའི་ཞིང་ལས་སྤོ་སྒྱུར་མི་འབོར་སྡོད་ཁང་འགན་སྲུང་མ་ལག་གི་ཁོངས་སུ་འཇུག་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་བཅོལ་ལ་ཞུགས་པའི་ཐབས་ལམ་ཐོགས་མེད་ཡོང་བ་བཅས་བྱེད་དགོས། རྫོང་མཁར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆད་སྐྱོན་གང་མགྱོགས་ཁ་གསབ་བྱེད་པ་དང་། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་གསུམ་གྱི་མཉམ་འདྲེས་ཆུ་ཚད་མཐོ་རུ་གཏོང་དགོས། དེང་རབས་ཅན་གྱི་གྲོང་ཁྱེར་ཆེན་པོའི་མུ་ཁྱུད་འཕེལ་རྒྱས་གཏོང་བ་དང་། བར་སྟོང་བཀོད་པ་ལེགས་སྒྱུར་བྱེད་པ། ཚད་བརྒལ་གྲོང་ཁྱེར་དང་གྲོང་ཁྱེར་ཆེན་པོའི་དེང་རབས་ཅན་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་གསར་སྒྱུར་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་སྒྱུར་བཀོད་བྱེད་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་ཕན་ནུས་ཆུང་བའི་ས་ཞིང་ཡང་བསྐྱར་གསར་སྤེལ་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ། གྲོང་ཁྱེར་གྱི་ཆུ་ལོག་འགོག་པ་དང་འཁྱིལ་ཆུ་གཤོང་བའི་མ་ལག་གང་མགྱོགས་ཆ་ཚང་དུ་གཏོང་བ། འབར་རླངས་དང་། ཆུ་འདྲེན་འབུད། ཚ་ནུས། ས་འོག་སྦུག་ཁྱམས་སོགས་འཛུགས་སྐྲུན་དང་མཐུན་སྦྱོར་དོ་དམ་བྱེད་པར་ཤུགས་རྒྱག་པ་བཅས་བྱེད་དགོས། གྲངས་ཀ་ཅན་དང་རིག་ནུས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་གཏོང་བ་དང་། གེགས་མེད་དང་རྒན་རྒོན་ལ་འཚམ་པའི་ཆ་འགྲིག་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུ་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གནས་འཕྲོད་ཅན་དང་། ལྡེམ་ཤུགས་ཅན། རིག་ནུས་ཅན་བཅས་ཀྱི་གྲོང་ཁྱེར་སྐྲུན་དགོས།
ས་ཁོངས་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁོངས་ཁག་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་། ས་ཁོངས་ཀྱི་འཐབ་ཇུས་གནད་ཆེན། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་བཅས་ཀྱི་སྣོལ་བརྩེགས་ཕན་ནུས་འདོན་སྤེལ་བྱས་ཏེ། འཕར་སྣེ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་དགོས། ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས། དབུས་རྒྱུད་ས་ཁུལ་དར་རྒྱས་མགྱོགས་སུ་གཏོང་བ། ཤར་རྒྱུད་ས་ཁུལ་གྱིས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་བ་སོགས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས། པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་དང་། འབྲི་ཆུའི་ཟུར་གསུམ་གླིང་། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་སོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་ལྡན་པའི་ས་ཁོངས་ཀྱི་གསར་གཏོད་ནུས་པ་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། འབྲི་ཆུའི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། དཔལ་འབྱོར་ཞིང་ཆེན་ཆེ་གྲས་ཀྱིས་འགན་གཙོ་བོ་འཁུར་བར་རྒྱབ་སྐྱོར་བྱེད་པ་དང་། བདག་རྐྱེན་འགན་སྲུང་དང་། ཚན་རྩལ་གསར་གཏོད། སྒྱུར་བཅོས་སྒོ་འབྱེད་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཏན་འབེབས་བྱེད་དགོས། ས་ཁུལ་གཞན་དག་གིས་ཡུལ་བབ་དང་བསྟུན་པ་དང་སོ་སོའི་དགེ་མཚན་འདོན་སྤེལ་བྱེད་པར་བསྔགས་སྐུལ་བྱེད་དགོས། ཞུང་ཨན་ཁུལ་གསར་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད། བྱང་ཤར་བཅས་ས་ཁུལ་གྱི་ཐོན་ལས་རོགས་ལས་ཟབ་སྤེལ་བྱས་ཏེ། ཐོན་ལས་གོ་རིམ་ལྡན་པའི་སྒོ་ནས་སྐས་རིམ་ལྟར་སྤོ་སྒྱུར་ཐུབ་པར་སྐུལ་འདེད་གཏོང་དགོས། གསར་བརྗེའི་གནས་རྙིང་ཁུལ་དང་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། མཐའ་དར་དམངས་ཕྱུག་དང་། མཐའ་མཚམས་བརྟན་བརླིང་དང་མཐའ་མཚམས་སྲ་བརྟན་ཡོང་བར་སྐུལ་འདེད་གཏོང་དགོས། ཐོན་ཁུངས་ཅན་གྱི་ས་ཁུལ་རིགས་སྒྱུར་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རྒྱལ་ཡོངས་ཀྱི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་དགོས།
(དགུ།) ཐཱན་གཅོག་དང་། སྦགས་འཕྲི། ལྗང་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་རིགས་སྒྱུར་མགྱོགས་སུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པ་དང་། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་། སྦགས་བཙོག་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོབ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་གཅིག་གྱུར་འཆར་འགོད་བྱས་ནས། སྐྱེ་ཁམས་དམིགས་བསལ་གྱིས་སྔོན་ལ་འཇོག་པ་དང་། གྲོན་ཆུང་ལེགས་བསྡུས་ཞིབ་གཉེར། ལྗང་མདོག་ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོབ་བྱེད་པའི་དམག་འཐབ་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྲ་གཟུགས་ཟོག་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་སྤྱོད་འཆར་གཞི་བཟོས་ནས། སྦགས་བཙོག་དངོས་རྫས་གསར་པ་མཐུན་སྦྱོར་ངང་བཅོས་སྐྱོང་དང་ཁོར་ཡུག་གི་ཉེན་ཁ་དོ་དམ་ཚོད་འཛིན་བྱེད་པར་ཤུགས་རྒྱག་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལག་བསྟར་གཏིང་ཟབ་བྱེད་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་བྱེད་པ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་གྱུར་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ། “བྱང་གསུམ་”ལས་གྲྭའི་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ལས་གྲྭ་གནད་ཆེན་ལག་ལེན་བསྟར་བ་དང་། འབྲི་ཆུར་ལོ་བཅུའི་རིང་ཉ་རྒྱ་སྡོམ་རྒྱུ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་གུན་གསབ་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་བཟང་པོར་བཅངས་པའི་རེ་སྒུག་གསར་པ་རྒྱུན་ཆད་མེད་པར་སྐོང་དགོས།
ལྗང་མདོག་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་སྐྱེ་ཁམས་སྐྲུན་དགོས། ལྗང་མདོག་ཐཱན་ཉུང་སྔོན་ཐོན་ལག་རྩལ་གྱི་དཔེ་སྟོན་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྗང་མདོག་ཨར་ལས་དང་། ལྗང་མདོག་ནུས་ཁུངས། ལྗང་མདོག་འགྲིམ་འགྲུལ་སོགས་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས། ཐོན་ཁུངས་བསྡོམས་འབོར་དོ་དམ་དང་ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ནུས་ཁུངས་དང་ཆུ་བེད་སྤྱོད་བྱེད་མཁན་སྡེ་ཚན་གཙོ་བོའི་ནུས་ཁུངས་དང་ཆུ་གྲོན་ཆུང་བྱེད་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཁུངས་ཟད་གྲོན་ཆེ་བའི་ལས་གཞི་ལ་དོ་དམ་ཚོད་འཛིན་ནུས་ལྡན་དང་ཕན་འབྲས་ཐོན་པར་བྱེད་དགོས། བེད་མེད་དངོས་པོ་རེས་འཁོར་བེད་སྤྱོད་བྱ་རྒྱུར་ཤུགས་རྒྱག་པ་དང་། བསྐྱར་སྐྱེའི་རྒྱུ་ཆ་བེད་སྤྱོད་བྱ་རྒྱུ་ཁྱབ་གདལ་ཤུགས་ཆེན་བཏང་ནས། རེས་འཁོར་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས། ལྗང་མདོག་འཛད་སྤྱོད་ཀྱི་སྐུལ་ལྕག་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏོང་དགོས།
ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡོང་བར་ཧུར་ཐག་དང་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་ཐཱན་རྩེར་སོན་ཚོད་ལྟ་བྱེད་གནས་ཁག་གཉིས་པ་ཏན་ཏིག་གིས་སྤེལ་བ་དང་། ཐཱན་ཀླད་ཀོར་གླིང་ཁུལ་དང་ཐཱན་ཀླད་ཀོར་བཟོ་གྲྭ་ཁག་ཅིག་འཛུགས་དགོས། ཐཱན་འབུད་གཏོང་ཚོད་འཛིན་གཉིས་ལྡན་གྱི་ལམ་ལུགས་མ་ལག་གང་མགྱོགས་འཛུགས་པ་དང་། རྒྱལ་ཡོངས་ཀྱི་ཐཱན་འབུད་གཏོང་བྱེད་དབང་གི་ཉོ་ཚོང་ཚོང་རའི་ལས་རིགས་ཁྱབ་རྒྱ་ཆེ་རུ་གཏོང་དགོས། ཐཱན་འབུད་གཏོང་གི་བསྡོམས་རྩིས་རྩིས་བཤེར་སྤེལ་བ་དང་། ཐོན་རྫས་ཀྱི་ཐཱན་རྗེས་ཤུལ་དོ་དམ་མ་ལག་དང་ཐཱན་གྱི་མཚོན་རྟགས་དཔང་སྒྲུབ་བྱེད་པའི་ལམ་ལུགས་བཙུགས་ཏེ། ལྗང་མདོག་ཉོ་ཚོང་གི་བཀག་རྒྱ་ལ་ཁ་གཏད་ཧུར་ཐག་འཇལ་དགོས། “ཐང་རྒོད་བྱེ་ཐང་མྱ་ངམ་ཐང་”གི་ནུས་ཁུངས་གསར་པའི་རྟེན་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། མཚོ་ཐོག་གི་རླུང་ཤུགས་གློག་འདོན་འཕེལ་རྒྱས་གཏོང་བ། རང་སར་བསྡུ་འཛད་དང་ཕྱིར་སྐྱེལ་བགྲོད་ལམ་འཛུགས་སྐྲུན་བྱེད་པ་གཅིག་གྱུར་འཆར་འགོད་བཅས་བྱེད་དགོས། སོལ་གློག་ཐཱན་ཉུང་ཅན་དུ་སྒྱུར་བཀོད་བྱེད་པའི་ཚོད་ལྟ་དང་དཔེ་སྟོན་སྤེལ་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ལས་གྲྭ་གནད་ཆེན་སྡེབ་གཅིག་མ་འཆར་འགོད་བྱས་ནས། གོ་ལ་ཧྲིལ་པོའི་ཁོར་ཡུག་དང་གནམ་གཤིས་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་པ་དང་དེར་སྣེ་ཁྲིད་བྱེད་དགོས།
(བཅུ།) དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྐྱོར་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ། སྤྱི་ཚོགས་ཞི་མཐུན་དང་བརྟན་བརླིང་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ལས་ཞུགས་བརྟན་བརླིང་དང་རྒྱ་སྐྱེད་གཏོང་བའི་ཤུགས་ཚད་སྔར་ལས་ཆེ་རུ་གཏོང་དགོས། ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན། ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། མ་དངུལ་དང་ཐོན་ཁུངས་སྣ་ཚོགས་གཅིག་འདོམས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་ཞུགས་འབེལ་པོ་ཡོང་བར་སྐུལ་སྤེལ་གཏོང་བ་དང་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་རིགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅས་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་བཅས་ཀྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱེད་དགོས། ལས་བརྟན་ཕྱིར་སློག་དང་། ཁྲལ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བ། ལས་ཞུགས་ཁ་གསབ་སོགས་ཀྱི་སྲིད་ཇུས་བེད་སྤྱོད་དཔྱིས་ཕྱིན་པ་དང་བེད་སྤྱོད་ཡག་པོ་བྱེད་དགོས། ངལ་རྩོལ་མང་འདུས་ཅན་གྱི་ཐོན་ལས་ཀྱིས་ལས་ཞུགས་བསྡུ་ལེན་དང་བརྟན་བརླིང་ཡོང་ཐབས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ལག་རྩལ་གསར་པ་བཀོལ་སྤྱོད་དང་ལས་གནས་བརྗེ་སྒྱུར་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་ལས་ཞུགས་ཀྱི་གོ་སྐབས་གསར་པ་སྐྲུན་དགོས། ལས་ཞུགས་དང་ལས་གཏོད་ཀྱི་ཞབས་ཞུ་ལེགས་སུ་བཏང་སྟེ། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། དམག་ཞབས་ཐིམས་པའི་དམག་མི་བཀོད་སྒྲིག་དང་ལས་ཞུགས་ཀྱི་ཞབས་ཞུ་ཡག་པོར་སྒྲུབ་པ། དབུལ་བྲལ་མི་འབོར་དང་གླ་རྒྱག་ཞིང་པ་ལས་ཀར་ཞུགས་པར་སྐུལ་སྤེལ་བྱེད་པ། ལོ་ན་ཆེ་བ་དང་། དབང་པོ་སྐྱོན་ཅན། ལས་ཀ་ཤོར་ཡུན་ཅུང་རིང་བ་སོགས་ལས་ཞུགས་དཀའ་ངལ་ཡོད་པའི་མི་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རིགས་རྨས་སྐྱོན་འགན་སྲུང་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། ངལ་རྩོལ་པའི་གླ་ཕོགས་སྤྲོད་པར་འགན་སྲུང་ཏན་ཏིག་དང་། གླ་ཕོགས་ཆད་རིགས་གཙང་བཤེར་དང་བཅོས་སྐྱོང་། ལས་ཞུགས་ཐད་མཐོང་ཆུང་བྱེད་རིགས་མཐའ་གཅིག་ཏུ་ཡོ་བསྲང་བཅས་བྱེད་དགོས། གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་མཐོར་འདེགས་ཀྱི་གསོ་སྦྱོང་བྱ་སྤྱོད་སྤེལ་བ་དང་། བཟོ་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས་ལ་རྩལ་ནུས་ཤེས་ལྡན་མི་སྣ་དཀོན་པོ་འདོན་སྤྲོད་བྱེད་གྲངས་མང་དུ་གཏོང་དགོས། རྩལ་ནུས་ཁྲིད་ཕྱོགས་བྱས་པའི་གླ་ཕོགས་བགོ་བཤའི་ལམ་ལུགས་མགྱོགས་མྱུར་འཛུགས་པ་དང་། རྩལ་ནུས་ཤེས་ལྡན་མི་སྣའི་ཐོབ་ཐང་ཆུ་ཚད་མཐོ་རུ་བཏང་སྟེ། མང་པོ་སྒྲུབ་མཁན་ལ་མང་པོ་ཐོབ་པ་དང་། ལག་རྩལ་འཇོན་མཁན་ལ་མང་པོ་ཐོབ་པ། གསར་གཏོད་བྱེད་མཁན་ལ་མང་པོ་ཐོབ་པ་བཅས་བྱེད་དགོས།
གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ཤུགས་རྒྱག་དགོས། བདེ་ཐང་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་ནས། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་བཅོས་སྐྱོང་བྱེད་པར་སྐུལ་སྤེལ་གཏོང་དགོས། སྤྱི་ཕན་རང་བཞིན་ཁྲིད་ཕྱོགས་སུ་འཛིན་པའི་གཞུང་གཉེར་སྨན་ཁང་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། སྒྲིག་ཁོངས་འགུལ་རྣམ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་ཞབས་ཞུ་གཙོ་ཁྲིད་དུ་འཛིན་པའི་དངུལ་སྡུད་ལམ་སྲོལ་འཛུགས་པ། གླ་ཕོགས་ལམ་ལུགས་འཐུས་ཚང་དུ་གཏོང་བ། བྱས་འབྲས་དཔྱད་ཞིབ་ལེགས་སྒྱུར་བཅས་བྱེད་དགོས། ནད་ཁང་དང་བརྟག་བཅོས་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་། ནད་པ་ལྟེ་བར་བཟུང་ནས་སྨན་བཅོས་ཞབས་ཞུ་རྒྱུན་མཐུད་ངང་ལེགས་བཅོས་བྱེད་དགོས། སྨན་བཅོས་ཐོན་ཁུངས་སྤུས་ལེགས་རྒྱ་སྐྱེད་གཤམ་སྐྱོད་དང་ས་ཁོངས་དོ་མཉམ་གྱི་བཀོད་པ་ཆགས་པར་སྐུལ་སྤེལ་བཏང་ནས། སྨན་བཅོས་འཕྲོད་བསྟེན་གྱི་གཞི་བརྟན་ལས་གྲྭ་ལག་བསྟར་བྱེད་དགོས། ལྟ་སྐྱོང་དང་། བྱིས་ནད་ཚན་ཁག །ནད་རྐྱེན། ཀུན་གསོ་ཚན་ཁག །རྒན་རྒོན་གསོ་རིག་བཅས་ཀྱི་ཆེད་ལས་དཔུང་སྡེ་འཛུགས་པར་ཤུགས་རྒྱག་པ་དང་། བསམ་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། སྨན་རྫས་དང་གྲོན་རྫས་གཅིག་བསྡུས་ཉོ་བསྡུ་བྱེད་པའི་སྲིད་ཇུས་ལེགས་སྒྱུར་དང་། སྤུས་ཚད་ལ་དཔྱད་དཔོག་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱིས་སྔར་བས་བློ་བདེའི་སྒོ་ནས་སྨན་རྫས་སྤྱོད་ཐུབ་པ་བྱེད་དགོས། སྨན་རྫས་ཀྱི་རིན་གོང་འགྲུབ་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། གསར་གཏོད་སྨན་རྫས་ཀྱི་དཀར་ཆག་བཟོ་བ། གསར་གཏོད་སྨན་རྫས་དང་སྨན་བཅོས་ཡོ་བྱད་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བཅས་བྱེད་དགོས། ཀྲུང་ལུགས་གསོ་རིག་གི་རྒྱུན་འཛིན་དང་གསར་གཏོད་དང་འཕེལ་རྒྱས་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཀྲུང་ལུགས་གསོ་རིག་བྱ་གཞག་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས། འགོས་ནད་གཙོ་གནད་གཅིག་འདོམས་ཀྱིས་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་དགོས། སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་མི་རེར་ཆ་སྙོམས་སུ་ནོར་སྲིད་ཀྱི་གསབ་དངུལ་ཚད་གཞི་སོ་སོར་སླར་ཡང་སྒོར་30དང་སྒོར་5སྤར་རྒྱུ། གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པར་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དངུལ་བསྡུ་དང་ཐོབ་ཐང་ལེགས་སྒྲིག་ལམ་སྲོལ་ཆ་ཚང་དུ་གཏོང་བ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ཟབ་སྤེལ་བྱེད་པ། རིམ་དབྱེའི་ནད་བརྟག་སྨན་བཅོས་ལ་སྐུལ་སྤེལ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་སྨན་རྫས་གྲོན་རྫས་ཁུངས་འདེད་ལམ་སྲོལ་འཛུགས་པ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩར་ལྟ་སྐུལ་དོ་དམ་ནན་པོ་བྱས་ཏེ་དངུལ་སྐར་གང་ཡིན་ཡང་མི་དམངས་ཀྱི་བདེ་ཐང་དང་བདེ་རྩ་ཆེ་རུ་གཏོང་བར་སྤྱོད་དུ་འཇུག་དགོས།
སྤྱི་ཚོགས་འགན་སྲུང་དང་ཞབས་ཞུའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་འཚོ་དངུལ་གྱི་ཚད་གཞི་དམའ་ཤོས་སླར་ཡང་སྒོར་20མཐོ་རུ་གཏོང་རྒྱུ་དང་། ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་མཐོ་རུ་འོས་འཚམ་གཏོང་རྒྱུ། ཀ་རྟེན་གསུམ་པའི་རྒན་གསོའི་འགན་བཅོལ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། མི་སྒེར་གྱི་རྒན་གསོའི་འཚོ་དངུལ་ལམ་ལུགས་ལག་བསྟར་ཡག་པོ་བྱེད་དགོས། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བ་དང་། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས། སྐྲ་དཀར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རིག་ལྡན་རྒན་གསོ་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། སྡེ་ཁུལ་གྱིས་རྒྱབ་སྐྱོར་བྱེད་པའི་ཁྱིམ་སྡོད་རྒན་གསོར་སྐུལ་འདེད་བཏང་སྟེ། ནུས་ཉམས་རྒན་རྒོན་ལ་ལྟ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒན་རྒོན་གྱི་ཟས་རོགས་ཞབས་ཞུ་སྒྲུབ་པ་དང་། ཁམས་གསོའི་རམ་འདེགས་ཡོ་བྱད་ཉོ་སྒྲུབ་དང་བོགས་གཏོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀུན་ཕན་རྒན་གསོའི་ཞབས་ཞུ་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཡུན་རིང་ལྟ་སྐྱོང་གི་འགན་བཅོལ་ལམ་ལུགས་གང་མགྱོགས་འཛུགས་དགོས། བུ་བཙའ་སྐུལ་སྤེལ་སྲིད་ཇུས་གཏན་འབེབས་དང་། ཕྲུ་གུ་གསོ་བའི་ཁ་གསབ་སྤྲོད་པ། བུ་བཅོལ་གཞི་གཅིག་ཅན་གྱི་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཀུན་ཕན་བཅོལ་སྙོར་ཞབས་ཞུའི་འདོན་སྤྲོད་བྱེད་ཚད་མང་དུ་གཏོང་དགོས། ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་རིམ་བཞིན་ཕྱིར་འགྱངས་བྱེད་པའི་སྒྱུར་བཅོས་བརྟན་པོའི་སྒོ་ནས་ལག་བསྟར་བྱེད་དགོས། དམག་མི་དང་དམག་མིའི་ནང་མི། དམག་ཞབས་འཐིམས་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ལ་གཟིགས་སྐྱོང་དང་གོད་གསབ་བྱེད་པའི་ལས་ཀ་ལེགས་པར་སྒྲུབ་དགོས། དཀའ་ངལ་ཡོད་པའི་བྱིས་པ་དང་། ཕྱོགས་འགྲུལ་བྱིས་པ། གཞིས་སྲུང་བྱིས་པ་བཅས་ལ་གཅེས་སྐྱོང་དང་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་དགོས། དབང་པོ་སྐྱོན་ཅན་ཚབས་ཆེན་བཅོལ་གསོ་དང་ལྟ་སྐྱོང་བྱེད་པའི་ཞབས་ཞུ་ལེགས་པར་སྒྲུབ་པ་དང་། དབང་སྐྱོན་འབྱུང་བ་སྔོན་འགོག་དང་ཁམས་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ཡོང་འབབ་དམའ་བའི་མི་འབོར་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོབ་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིགས་དང་རིམ་པ་བཀར་ནས་སྤྱི་ཚོགས་རོགས་སྐྱོབ་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་སྟེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་དགོས།
བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་འཛུགས་དང་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དང་། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན། རྩོམ་རིག་སྒྱུ་རྩལ། ཡིག་ཚགས་སོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་། རིག་མཛོད་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་ཟབ་སྤེལ་བྱེད་དགོས། ལོ་ན་མ་སོན་པའི་སྐྱེ་བོའི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྲུན་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས། དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་གི་ཡུན་ཕན་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་དྲ་རྒྱའི་རིག་གནས་འཕེལ་རྒྱས་བཏང་ནས་དུས་རབས་གསར་པའི་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རིག་གནས་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་ཐད་ཀར་འབྱོར་བར་སྐུལ་འདེད་གཏོང་དགོས། རིག་གནས་ཐོན་ལས་ཀྱི་མ་ལག་དང་ཚོང་རའི་མ་ལག་ཆ་ཚང་དུ་བཏང་སྟེ། རིག་གནས་ཀྱི་ལས་རྣམ་དཔེ་གསར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རིག་གནས་ཤུལ་བཞག་ལ་མ་ལག་རང་བཞིན་གྱི་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བ་དང་། རིག་དངོས་དང་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བེད་སྤྱོད་དང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གི་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱལ་སྤྱིའི་སྤྱི་ཚོགས་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་ཕྱོགས་ཡོངས་ནས་རྒྱལ་སྤྱིའི་སྒྲོག་སྤེལ་ཕན་ནུས་ཆེ་རུ་གཏོང་དགོས། རྩལ་འགྲན་ལུས་རྩལ་གྱི་དོ་དམ་སྒྲིག་སྲོལ་དང་འཁོར་སྐྱོད་ལམ་སྲོལ་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་དགོས། རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དང་འཛམ་གླིང་གི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་ཡག་པོར་གཉེར་དགོས། གངས་འཁྱགས་ལུས་རྩལ་དང་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་དགོས། མང་ཚོགས་ཉེ་འགྲམ་གྱི་ལུས་རྩལ་ར་བ་དང་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས། གཞོན་ནུ་ལོ་ཆུང་གི་ཚན་རིག་དང་མཐུན་པའི་ལུས་སྦྱོང་ཁྱབ་གདལ་དང་བདེ་ཐང་ལ་ཐེ་ཇུས་བྱ་རྒྱུར་ཤུགས་བརྒྱབ་སྟེ། གཞོན་སྐྱེས་ཚོ་ལུས་རྩལ་ཁྲོད་སྙིང་སྟོབས་འཕེལ་བ་དང་ལུས་སེམས་བདེ་ཐང་ཡོང་བར་བྱེད་དགོས།
རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་དགོས། ཕྱོགས་ཡོངས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་། སྤྱི་པའི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་རྒྱག་པ། གཞི་རིམ་གྱི་འཕྲལ་བསྟུན་རྨང་གཞི་དང་སྟོབས་ཤུགས་ཆེ་རུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ་དང་། ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་རྩད་ཞིབ་དང་བཅོས་སྒྲིག་ཡག་པོ་བྱས་ཏེ་དོན་རྐྱེན་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་འབྱུང་བ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཟས་རིགས་དང་སྨན་རྫས་ལ་ལྟ་སྐུལ་དོ་དམ་ནན་པོ་བྱས་ནས་སློབ་གྲྭའི་སློབ་མའི་ཟ་མ་དང་ལས་སྟེགས་ཀྱི་ཕྱི་འཚོང་གི་བདེ་འཇགས་ལྟ་སྐུལ་དོ་དམ་ལས་ཀ་དམ་འཛིན་ཡག་པོ་བྱེད་དགོས། གནམ་གཤིས་ཀྱི་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་དགོས། ཆུ་ལོག་དང་ཞོད་སྐྱོན། ཐན་སྐྱོན། རྒྱ་མཚོའི་རླུང་འཚུབ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན། ས་གཤིས་ཀྱི་གནོད་སྐྱོན། ས་ཡོམ་སོགས་རང་བྱུང་གནོད་ལ་འཚེ་འགོག་ཟོན་དང་ཁ་གཏད་འཇལ་བའི་ལས་ཀ་ལེགས་པོར་སྒྲུབ་དགོས། བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་གྱི་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཡག་པོ་སྒྲུབ་པ་དང་། གཙོ་གནད་ས་ཁུལ་གྱི་ཁང་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཡོམ་འགོག་ནུས་པ་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་བ་དང་། ཞང་དང་གྲོང་རྡལ་ཁྲོམ་གཞུང་བཅས་ཀྱི་ཞབས་ཞུ་དང་དོ་དམ་སྟོབས་ཤུགས་ལ་ཤུགས་རྒྱག་པ་དང་། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་བྱ་ལས་སྡེ་ཚན་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། སྤྱི་ཚོགས་རྩ་འཛུགས་དང་། མི་ཆོས་སྐྱོབ་རོགས། དང་བླངས་ཞབས་ཞུ། སྤྱི་ཕན་དགེ་སྒྲུབ་བཅས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་ལས་རིགས་རང་གཅུན་ནུས་པ་ཡག་པོ་འདོན་དགོས། བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། གཞི་རིམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་འགལ་བ་དང་། ཉེན་ཁ། མངོན་མེད་རྐྱེན་ངན་བཅས་རྩད་ཞིབ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འགལ་བ་དང་རྩོད་གཞི་གཞི་རིམ་ནས་འདུམ་སེལ་དང་མགོ་འབུས་པ་ཙམ་ནས་འདུམ་སེལ་བྱེད་དགོས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དོ་སྙོམས་རང་བཞིན་དང་འཐོབ་འཐུས་རང་བཞིན་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུའི་མ་ལག་དང་ཉམས་ཉེན་ཐེ་ཇུས་ལམ་སྲོལ་ཆ་ཚང་དུ་བཏང་ནས་རང་བརྩི་རང་བཀུར་དང་། ཚུལ་མཐུན་ཞི་དུལ། ཡ་རབས་ཡར་བརྩོན་བཅས་ཀྱི་སྤྱི་ཚོགས་སེམས་ཁམས་སྐྱེད་སྲིང་བྱེད་དགོས། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་བདེ་སྐྱོང་སྤྱི་ཡོངས་ནས་སྔོན་འགོག་ཚོད་འཛིན་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། ནག་ཚོགས་སྟོབས་ཤུགས་དང་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་སོགས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོར་ཁྲིམས་ལྟར་རྡུང་རྡེག་དྲག་པོ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་བརྟན་བརླིང་སྒྲིག་ལྡན་ཡོང་བར་འགན་སྲུང་བྱེད་དགོས།
ད་ལོར་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་བཟོ་བའི་ལས་ཀ་སྤེལ་རྒྱུ་རེད། “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་དམིགས་འབེན་གཏན་འཁེལ་བྱེད་པ་དང་། འཐབ་ཇུས་ཀྱི་ལས་འགན་གནད་ཆེན་དང་། སྲིད་ཇུས་དང་བྱེད་ཐབས་གནད་ཆེན། ལས་གྲྭ་དང་ལས་གཞི་གནད་ཆེན་བཅས་འཆར་འགོད་ཡག་པོ་བྱས་ཏེ་འཆར་འགོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྲིད་སྟོན་དང་མཛུབ་སྟོན་བྱེད་པའི་ནུས་པ་སྔར་ལས་ལྷག་པར་འདོན་དགོས།
འགྲན་སློང་གསར་པར་ཁ་གཏད་འཇལ་བ་དང་ལས་འགན་གསར་པ་ལེགས་འགྲུབ་བྱེད་པ་ལས། སྲིད་གཞུང་གི་ལས་དོན་ལ་བླང་བྱ་གསར་པ་སྔར་བས་མཐོ་བ་བཏོན་ཡོད། སྲིད་གཞུང་རིམ་པ་ཁག་དང་དེའི་ལས་སྒྲུབ་མི་སྣས་“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་དགོས་ཤིང་། “འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ཏེ། རང་རྟོགས་ངང་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། བློ་བརྟན་འགྱུར་མེད་ངང་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་སྲིད་གཞུང་གི་འགན་སྒྲུབ་ནུས་པ་ཆེ་རུ་བཏང་སྟེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།
ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱ་རྒྱུར་ཤུགས་རྒྱག་དགོས། གཟབ་ནན་སྒོས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་འགན་འཁྲི་གཙང་སྒྲུབ་བྱས་ཏེ་སྲིད་གཞུང་གི་སྒྲིག་གཞི་དང་། འགན་ནུས། དབང་མཚམས། ལས་རིམ། འགན་འཁྲི་བཅས་ཁྲིམས་བཀོད་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་དང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བཅས་བྱེད་དགོས། རྩིས་བཤེར་གྱི་ལྟ་སྐུལ་ལ་ཤུགས་རྒྱག་དགོས། ཚན་རིག་དང་མཐུན་པར་ཇུས་གཅོད་དང་། དམངས་གཙོས་ཇུས་གཅོད། ཁྲིམས་ལྟར་ཇུས་གཅོད་བཅས་རྒྱུན་འཁྱོངས་བྱེད་པ་དང་། སྲིད་གཞུང་གི་ཁྲིམས་འཛུགས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ཇུས་གཅོད་གནད་ཆེན་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྲིམས་དང་མཐུན་མིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་དོན་ཡོངས་བསྒྲགས་ཟབ་སྤེལ་བྱེད་དགོས། གཟབ་ནན་ཚད་ལྡན་དྲང་གཞག་ཚུལ་ལྡན་བཅས་ཀྱི་སྒོ་ནས་ཁྲིམས་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་ཁྲུན་གཅོད་དབང་ཆའི་ཚད་གཞིའི་ལམ་ལུགས་དོན་འཁྱོལ་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ལམ་ལུགས་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་པའི་རྩ་འཛུགས་ཀྱིས་ནུས་པ་སྔར་ལས་ལེགས་པར་འདོན་པར་རྒྱབ་སྐྱོར་བྱེད་དགོས། སྲིད་གཞུང་གི་ལས་སྒྲུབ་མི་སྣས་འགན་འཁྲི་ནན་སྒྲུབ་དང་སྤྱོད་གཙང་སྤྱི་གཞོལ་བྱེད་པ་དང་། ཁྲིམས་སྐྱོང་ལག་བསྟར་ནན་ཏན་དང་ཁྲིམས་ལྟར་ལས་དོན་བསྒྲུབས་ནས། ཏང་དང་མི་དམངས་ཀྱིས་བསྩལ་བའི་དབང་ཆ་དེ་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་དུ་སྤྱོད་པའི་འགན་ལེན་ཏན་ཏིག་བྱེད་དགོས།
སྲིད་འཛིན་གྱི་ཕན་འབྲས་དང་ཆུ་ཚད་མཐོ་རུ་གཏོང་དགོས། བདེན་འཚོལ་དངོས་སྒྲུབ་རྒྱུན་འཁྱོངས་ཀྱིས་དོན་དངོས་དང་བསྟུན་ནས་གནད་དོན་ཐག་གཅོད་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་ངོས་ཀྱི་དོན་དངོས་ཟུང་འབྲེལ་བྱེད་མཁས་པོ་བྱས་ཐོག །སྣེ་ཁྲིད་རང་བཞིན་དང་ཡར་སྐུལ་རང་བཞིན་ཆེ་བའི་ལས་ཀའི་འཛིན་བྱེད་དང་གཞི་རྟེན་ཇུས་འགོད་བྱས་ནས་གསར་གཏོད་རང་བཞིན་གྱི་ལག་བསྟར་དོན་འཁྱོལ་བྱེད་ནུས་ཆེ་རུ་གཏོང་དགོས། གྲངས་ཀའི་སྲིད་གཞུང་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ། “ནུས་ཆེའི་སྒོ་ནས་དོན་དག་གཅིག་སྒྲུབ་པ་”ཡི་གཙོ་གནད་དོན་ཚན་གྱི་གསལ་ཐོའི་དོ་དམ་དང་རྒྱུན་རྣམ་ཅན་གྱི་སྐུལ་འདེད་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་ལ་ཁེབས་པའི་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཞུའི་ལས་སྟེགས་འཐུས་ཚང་དུ་གཏོང་དགོས། དྲང་ཕྱོགས་ནས་སྐུལ་མ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ། ཕྱི་ཚུལ་རིང་ལུགས་ལ་རྒྱུན་མཐུད་ངང་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། གཞི་རིམ་ལ་ཁ་ཕྱོགས་པའི་སྣེ་མང་བསྐྱར་ཟློས་དང་། དམིགས་ཚད་ཐར་ཐོར། བྱེད་སྟངས་ཉག་ཉོག་བཅས་ཡིན་པའི་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་ཚད་ཉུང་དུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པས་དུས་ཚོད་དང་སེམས་ནུས་སྔར་ལས་མང་པོ་བྱ་བ་དངོས་སྒྲུབ་པའི་ཐད་སྤྱོད་དུ་འཇུག་དགོས། སྲིད་གཞུང་རིམ་པ་ཁག་གི་ལས་སྒྲུབ་མི་སྣས་དངོས་སྒྲུབ་གཙོར་འཛིན་དང་གོམ་པ་བརྟན་བགྲོད་ཀྱིས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་གཏོད་དགོས།
ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་རྒྱུ་གཙོ་ཐིག་ཏུ་བཟུང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་ས་ཁུལ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་རྒྱག་དགོས། ཕྱིར་སྡོད་རང་མིའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་འོད་སྟོང་འབར་བའི་བྱ་གཞག་མཉམ་དུ་གཏོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
འདས་ཟིན་པའི་ལོ་གཅིག་རིང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་འཕེལ་སྐྱེད་གསར་པ་གལ་ཆེན་བྱུང་ཡོད། ལོ་གསར་པའི་ནང་ང་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག །ཕྱོགས་ཡོངས་ནས་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་སྦྱོང་སྒྲིག་རྒྱུན་མཐུད་ངང་ཟབ་སྤེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོར་རྒྱག་དགོས། དམག་སྦྱོང་དམག་གྲབས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྤུས་གསར་འཐབ་འཛིང་ནུས་ཤུགས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་དོན་རིགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་དགོས། དམག་དཔུང་འཛུགས་སྐྲུན་ཐད་ཀྱི་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་མཇུག་བསྡུ་བའི་ལས་ཀ་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱལ་སྲུང་འཕེལ་རྒྱས་ཀྱི་ལས་གྲྭ་གནད་ཆེན་ལག་བསྟར་གང་མགྱོགས་བྱེད་པ། དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་པར་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། དམག་དཔུང་དང་ས་གནས་བརྒལ་བའི་སྒྱུར་བཅོས་ལ་ཕྱར་བ་གྲུ་འདེགས་ཀྱིས་སྐུལ་འདེད་གཏོང་བ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་མ་ལག་དང་བཀོད་པ་ལེགས་སྒྱུར། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་ཀྱི་མ་ལག་དང་ནུས་པ་འཛུགས་སྐྲུན་གྱི་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས། རྒྱལ་སྲུང་སློབ་གསོ་དང་། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་བཅས་ལ་ཤུགས་རྒྱག་དགོས། སྲིད་གཞུང་རིམ་པ་ཁག་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། གཉིས་བཀུར་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྲ་ཞིང་བརྟན་པའི་དམག་སྲིད་བར་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
ང་ཚོས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”དང་། “ཞང་ཀང་པས་ཞང་ཀང་སྐྱོང་བ།” “ཨའོ་མོན་པས་ཨའོ་མོན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བྱེད་པ་བཅས་ཀྱི་བྱེད་ཕྱོགས་ཆ་ཚང་ཞིང་གནད་ལ་འཁེལ་བ་དང་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་དགོས་ཤིང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ཅན་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དང་། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་”དང་། “རྒྱལ་གཅེས་པས་ཨའོ་མོན་སྐྱོང་བ་”ཡི་རྩ་དོན་དོན་འཁྱོལ་བྱེད་དགོས། ཞང་ཀང་དང་ཨའོ་མོན་གྱིས་དཔལ་འབྱོར་གོང་སྤེལ་དང་དམངས་འཚོ་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་འགྲོ་འོང་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་སྔར་ལས་ལྷག་པའི་སྒོ་ནས་འདྲེས་པ་བཅས་བྱས་ཏེ་ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་བརླིང་མཐའ་འཁྱོངས་བྱེད་དགོས།
ང་ཚོས་དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་མོ་ལག་ལེན་མཐར་ཕྱིན་བསྟར་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང་“གོ་གཉིས་ངོས་འཛིན་གཅིག་མཐུན་”རྒྱུན་འཁྱོངས་བྱེད་དགོས། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མཉམ་ལས་ལ་སྐུལ་སྤེལ་གཏོང་བའི་ལམ་ལུགས་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་དགོས། ངོགས་གཉིས་ཀྱི་སྤུན་ཟླའི་བདེ་རྩ་ཆེ་རུ་གཏོང་བ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། ལག་གདང་སྦྲེལ་ནས་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་མཉམ་དུ་གཏོད་དགོས།
ང་ཚོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་རྣམ་པ་མཐའ་དག་ལ་ངོ་རྒོལ་བཅས་བྱས་ཏེ་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་དགོས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་བྱེད་པར་ཧུར་ཐག་ཞུགས་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛམ་གླིང་ཞི་བའི་འཕེལ་རྒྱས་ཡོང་བའི་དགའ་སྐྱིད་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་འདོད་ཡོད།
འཐུས་མི་རྣམ་པ། ཡིད་ཆེས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཅིང་། དངོས་སྒྲུབ་ཀྱིས་ངོ་མཚར་ལེ་ཚན་རྩོམ། ང་ཚོ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་སྟེ། དཀའ་སྡུག་གདོང་བསུ་དང་། ཡར་རྒྱས་བརྩོན་ལེན་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལེགས་འགྲུབ་ཧུར་ཐག་བྱེད་པ་དང་།“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཡོངས་སུ་རྫོགས་པར་མཇུག་བསྡུ་བའི་འགན་ལེན་ཏན་ཏིག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བར་འབད་འཐབ་ལྷོད་མེད་བྱེད་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注