ཨ་མེ་རི་ཁའི་ཙུང་ཐུང་གཞོན་པས་སྐྱོན་བརྗོད་ཀྱི་སྐད་སྒྲའི་ཁྲོད་ནས་ཀི་ལིན་ལན་གླིང་ཕྲན་གྱི་ཨ་མེ་རི་ཁའི་དམག་དོན་རྟེན་གཞིར་འཚམས་འདྲི་བྱས།
ཏན་མག་དང་དེའི་རང་སྐྱོང་ས་ཁོངས་ཀི་ལིན་ལན་གླིང་ཕྲན་གྱི་རང་སྐྱོང་སྲིད་གཞུང་གི་སྐྱོན་བརྗོད་ཀྱི་སྐད་སྒྲའི་ཁྲོད། ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཝན་སི་ཡིས་ཚེས་ཉེར་བརྒྱད་ཉིན་ཀི་ལིན་ལན་གླིང་ཕྲན་དུ་ཡོད་པའི་ཨ་མེ་རི་ཁའི་དམག་དོན་རྟེན་གཞིར་འཚམས་འདྲི་བྱས་པ་དང་། ཨ་མེ་རི་ཁས་གླིང་སྣེ་བྱང་མའི་མགོ་ཁྲིད་ནུས་པར་འགན་སྲུང་བྱས་ཏེ། ཀི་ལིན་ལན་གླིང་ཕྲན་གྱིས་ཨ་མེ་རི་ཁའི་བདེ་འཇགས་སྲུང་སྐྱོབ་གདམ་གསེས་བྱེད་པར་རེ་བཞིན་ཡོད་ཟེར།
ཝན་སི་ཡིས་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་འཐུས་ཚབ་ཚོགས་པ་ཁྲིད་དེ་ཀི་ལིན་ལན་གླིང་ཕྲན་བྱང་ངོས་སུ་ཡོད་པའི་ཨ་མེ་རི་ཁའི་ཕིས་ཐུའུ་ཧྥེ་ཁི་བར་སྣང་རྟེན་གཞིར་བསླེབས་ནས་གཏམ་བཤད་སྤེལ་ཏེ། ཀི་ལིན་ལན་གླིང་ཕྲན་དེ་ཨ་མེ་རི་ཁར་མཚོན་ན་གལ་འགངས་ཧ་ཅང་ཆེ་བས། ཨ་མེ་རི་ཁས་གླིང་སྣེ་བྱང་མའི་མགོ་ཁྲིད་ནུས་པ་འགན་སྲུང་བྱེད་དགོས། ཏན་མག་གིས་ཀི་ལིན་ལན་གླིང་ཕྲན་གྱི་བདེ་འཇགས་དང་འགོག་སྲུང་སོགས་ཐད་ཀྱི་དངུལ་གཏོང་མི་འདང་བ་དང་། ལག་བསྟར་བྱེད་དགོས་པའི་འགན་འཁྲི་ལག་བསྟར་བྱས་མེད། ཀི་ལིན་ལན་གླིང་ཕྲན་གྱིས་ཨ་མེ་རི་ཁའི་བར་མཉམ་ལས་བྱེད་པར་གདམ་གསེས་བྱེད་པར་རེ་བཞིན་ཡོད་ལ། ཀི་ལིན་ལན་གླིང་ཕྲན་དེ་ཨ་མེ་རི་ཁའི་བདེ་འཇགས་འགེབས་སྲུང་འོག་ཏུ་བསྡད་ན་ཏན་མག་ལས་བཟང་ཟེར།
ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པའི་ཁོངས་མིར་ད་རུང་ཝན་སིའི་ལྕམ་མོ་ཝུའུ་ཧྲ་དང་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལག་རོགས་པ་ཧྭ་ཨར་ཙི། ནུས་ཁུངས་པུའུ་ཀྲང་ལའེ་ཐི་སོགས་ཡོད། ཝན་སི་མ་འབྱོར་བའི་དུས་ཚོད་འགའི་སྔོན་ལ། ཀི་ལིན་ལན་གླིང་ཕྲན་གྱིས་སྐབས་གསར་བའི་རང་སྐྱོང་སྲིད་གཞུང་རྩ་འཛུགས་བྱས་པ་ཁྱབ་བསྒྲགས་བྱས་པ་དང་། ནེ་ཨར་སིན་གྱིས་སྐབས་གསར་བའི་རང་སྐྱོང་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་རྒྱུ་རེད། ནེ་ཨར་སིན་གྱིས་ཝན་སི་ཐེངས་འདིར་ཀི་ལིན་ལན་གླིང་ཕྲན་དུ་ཡོང་བར་བརྩི་འཇོག་མ་བྱས་པའི་སྣང་ཚུལ་ཡོད་པ་དང་ཁྱད་པར་དུ་གླིང་ཕྲན་དེའི་ཆབ་སྲིད་མ་འོངས་པ་དེ་སྔར་བཞིན་གླེང་གཞི་གཙོ་བོ་ཡིན་པའི་སྐབས་ཡིན་པར་སྐྱོན་འཛུགས་བྱས། ཁོས་ནན་གྱིས་བསྟན་དོན། ཀི་ལིན་ལན་གླིང་ཕྲན་ཕྱིར་འཚོང་མི་བྱེད་པ་དང་། ཀི་ལིན་ལན་གླིང་ཕྲན་དེ་ཨ་མེ་རི་ཁའི་ཁག་ཅིག་ཏུ་འགྱུར་འདོད་མེད་ཟེར། ཁོས་ཏང་ཁག་སོ་སོས་ཕྱི་ཕྱོགས་ཀྱི་གནོན་ཤུགས་འོག་མཐུན་སྒྲིལ་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།
ཀི་ལིན་ལན་གླིང་ཕྲན་གྱི་སྐབས་གསར་བའི་རང་སྐྱོང་སྲིད་གཞུང་གི་ཕྱི་འབྲེལ་ལས་དོན་གྱི་འགན་ཁུར་བའི་དཔོན་རིགས། མདུན་བསྐྱོད་ཏང་གི་ཀྲུའུ་ཞི་མའོ་ཚི་ཧྥེ་ཨར་ཐི་ཡིས་ིཉིན་དེར་ནོའུ་ཁི་ནས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཕན་ཚུན་བརྩི་འཇོག་བྱེད་པ་ནི་རྒྱལ་ཁབ་དང་མི་རིགས་བར་གྲོས་མོལ་བྱེད་པའི་རྨང་རྡོ་ལྟ་བུ་ཡིན་པས། ཨ་མེ་རི་ཁས་ངེས་པར་དུ་རྒྱལ་ཁབ་དང་མི་རིགས་གཞན་པར་བརྩི་འཇོག་བྱེད་དགོས་ཟེར། ཀི་ལིན་ལན་གླིང་ཕྲན་གྱི་རང་སྐྱོང་གྲོས་ཁང་གི་ཏང་ཁག་ཆེན་མོ་བཞི་བ་མཐུན་སྒྲིལ་ཏང་གི་ཀྲུའུ་ཞི་ཅེ་ལི་མུས་ཡཱ་སིན་གྱིས་གསར་འགོད་པར་བཤད་རྒྱུར། ཀི་ལིན་ལན་གླིང་ཕྲན་ནི་ཀི་ལིན་ལན་མི་དམངས་ཀྱི་ཡིན་པ་དང་། ང་ཚོ་ཨ་མེ་རི་ཁའི་ཁག་ཅིག་ཏུ་འགྱུར་འདོད་གཏན་ནས་མེད་ལ། སྟོབས་ཤུགས་གཞན་པས་ཐེ་གཏོགས་མི་བྱེད་པར་རེ་བཞིན་ཡོད། ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པའི་བྱ་སྤྱོད་དེ་ནི་ཀི་ལིན་ལན་མི་དམངས་ལ་དཀྲུག་འཕེན་བྱས་པ་རེད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注