ཧྥ་རན་སི་དང་དབྱིན་ཇི་ཡིས་ཝུའུ་ཁི་ལན་དུ་འཐུས་མི་མངག་གཏོང་བྱས་ནས་ཝུའུ་ཁི་ལན་གྱི་དམག་དཔུང་གི་འཛུགས་སྐྲུན་ལས་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས27ཉིན་བཤད་རྒྱུར། ཧྥ་རན་སི་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་ཇུས་འདོན་དཔོན་པོས་ཉེ་སྔོན་ཝུའུ་ཁི་ལན་དུ་འཐུས་མི་མངག་གཏོང་བྱས་ནས་ཝུའུ་ཁི་ལན་གྱི་དམག་དཔུང་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ཧྥ་རན་སི་དང་དབྱིན་ཇི་རྒྱལ་ཁབ་གཉི་ག་གཙོ་བྱས་ཤིང་། ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་པ་དམིགས་ཡུལ་དུ་བྱས་པའི་དང་བླངས་མཁན་མནའ་འབྲེལ་གྱིས་ཉིན་དེར་ཧྥ་རན་སིའི་ཕཱ་རེ་སི་ནས་མཐོ་རིམ་གྲོས་ཚོགས་བསྡུས།

མཱ་ཁི་ལུང་གིས་གྲོས་ཚོགས་གྲོལ་རྗེས་སྨྱན་བྱད་ལ་བཤད་རྒྱུར། རྒྱལ་ཁབ་སོ་གཅིག་གི་འཐུས་མི་དང་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས། ཚོགས་ཞུགས་མཁན་གྱིས་བལྟས་ན། མ་འོངས་པར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་རྗེས། སྒྲིག་ཆས་བཟང་ཞིང་སྟོབས་དང་ལྡན་པའི་ཝུའུ་ཁི་ལན་གྱི་དམག་དཔུང་ནི་ཝུའུ་ཁི་ལན་དང་ཡོ་རོབ་གླིང་གི་བདེ་འཇགས་ལ་འགན་སྲུང་བྱེད་པའི་རྒྱུ་གཙོ་བོ་ཡིན་པས། ཧྥ་རན་སི་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་ཇུས་འདོན་དཔོན་པོས་ཉེ་སྔོན་ཝུའུ་ཁི་ལན་དུ་འཐུས་མི་མངག་གཏོང་བྱས་ཏེ། ཝུའུ་ཁི་ལན་དང་མཉམ་དུ་ཝུའུ་ཁི་ལན་གྱི་དམག་དཔུང་གི་འཛུགས་སྐྲུན་ལས་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

མཱ་ཁི་ལུང་གིས་ད་རུང་བསྟན་དོན། ཧྥ་རན་སི་དང་དབྱིན་ཇི་ཡིས་སྣེ་ཁྲིད་དེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་མ་བཞག་གོང་ཝུའུ་ཁི་ལན་དུ་འགན་སྲུང་དམག་དཔུང་ཞིག་མངག་གཏོང་བྱེད་རྩིས་ཡོད་པ་དང་། དམག་དཔུང་དེ་ནི་ཞི་བདེ་སྲུང་སྐྱོབ་དམག་དཔུང་མིན་ལ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གཡུལ་སར་ཀྱང་བཀོད་སྒྲིག་བྱེད་མི་སྲིད་པ་དང་། ཝུའུ་ཁི་ལན་གྱི་དམག་དཔུང་དང་བྱང་ཆིངས་རྩ་འཛུགས་ཀྱི་ཡོ་རོབ་གླིང་ཤར་མའི་དམག་དཔུང་བཀོད་སྒྲིག་གི་ཚབ་བྱེད་པའི་ཆེད་ཀྱང་མིན་ཟེར།

ཁོས་ནན་གྱིས་བསྟན་དོན། དང་བླངས་མཁན་མནའ་འབྲེལ་གྱི་ཟབ་ཞུགས་མཁན་ཚང་མས་མི་སྣ་མངག་ནས་དམག་དཔུང་དེའི་ནང་ཞུགས་པའི་ངེས་པ་མེད་ལ། འགན་སྲུང་དམག་དཔུང་མངག་གཏོང་བྱེད་པ་ནི་ཧྥ་རན་སི་དང་དབྱིན་ཇི་རྒྱལ་བ་གཉིས་ཀྱིས་བཏོན་པའི་གྲོས་གཞི་ཡིན་པ་དང་། ཝུའུ་ཁི་ལན་གྱིས་ཀྱང་དེར་རེ་བ་བྱེད་བཞིན་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号