ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་རྒྱལ་སྲུང་ཚན་ཞིབ་བྱ་བར་མཛུབ་སྟོན་བྱས།
ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས27ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཚེས25ཉིན་དང་ཚེས26ཉིན་ཁྲའོ་ཞན་གྱི་མི་མེད་མཁའ་འགྲུལ་ལག་རྩལ་མཉམ་འབྲེལ་ཚོགས་པ་དང་གློག་རྡུལ་འཐབ་འཁྲུག་ལ་ཚད་འཇལ་བྱེད་པའི་ཞིབ་འཇུག་ཚོགས་པའི་རྒྱལ་སྲུང་ཚན་ཞིབ་བྱ་བར་མཛུབ་སྟོན་བྱས།
བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་མི་མེད་མཁའ་འགྲུལ་ལག་རྩལ་མཉམ་འབྲེལ་ཚོགས་པའི་ཁོངས་གཏོགས་ཀྱི་ཞིབ་འཇུག་ཁང་དང་ཁེ་ལས་ཀྱིས་གསར་སྤེལ་ཐོན་སྐྱེད་བྱས་པའི་མི་མེད་མྱུལ་ཞིབ་གནམ་གྲུ་དང་། འཐབ་རྩལ་སྣ་ཚོགས་ཀྱི་དཔུང་འཇུག་ལས་འགན་ལག་བསྟར་ཐུབ་པའི་རང་འགས་ཅན་གྱི་མི་མེད་གནམ་གྲུར་རྒྱུས་ལོན་བྱས་པ་དང་། འབྲེལ་ཡོད་བྱེད་ནུས་ཀྱི་ཚོད་ལྟར་ལྟ་སྦྱོང་བྱས།
ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། དྲག་ཤུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལས་དོན་ཁྲོད། མི་མེད་སྒྲིག་ཆས་དང་མིས་བཟོས་རིག་ནུས་ཀྱི་ལག་རྩལ་ཁྱབ་ཁོངས་ནི་ཆེས་ཐོག་མར་མཐོང་ཆེན་དང་འཕེལ་རྒྱས་སུ་གཏོང་དགོས་པའི་ཁག་ཅིག་ཡིན་ཟེར། ཅིན་ཀྲིན་ཨིན་གྱིས་ནན་གྱིས་བསྟན་དོན། རིག་ནུས་ཅན་གྱི་མི་མེད་གནམ་གྲུ་དེ་དམག་དོན་བྱེད་ཐབས་གཙོ་བོ་ཡིན་པའི་ཆ་ནས་འགྲན་རྩོད་མགྱོགས་ཤིང་དམག་དོན་འགུལ་སྐྱོད་ཁྲོད་བེད་སྤྱོད་བྱེད་པའི་ཁྱབ་ཁོངས་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད། དེང་རབས་ཅན་གྱི་འཐབ་འཁྲུག་གི་འཕེལ་རྒྱས་ལ་གཞིགས་ནས་བྱ་བ་དེའི་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱལ་ཁབ་ཀྱི་ཡུན་རིང་འཆར་གཞི་གཏན་འབེབས་བྱེད་དགོས་ཟེར།
བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ད་རུང་གློག་རྡུལ་འཐབ་འཁྲུག་ལ་ཚད་འཇལ་བྱེད་པའི་ཞིབ་འཇུག་ཚོགས་པས་གསར་དུ་ཞིབ་འཇུག་གསར་བཟོ་བྱས་པའི་མྱུལ་ཞིབ་དང་གསང་འཕྲིན་བསྡུ་ལེན་བྱེད་ཐབས་དང་། གློག་རྡུལ་གྱི་དཔུང་འཇུག་མ་ལག་གི་བྱེད་ནུས། དེ་མིན་ཚོགས་ཁག་དེའི་ཡུན་རིང་གི་འཆར་གཞི་བཅས་ལ་རྒྱུས་ལོན་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注