མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་རང་གི་མི་སྣའི་འགུལ་སྐྱོད་ཇེ་ཉུང་དུ་གཏོང་རྒྱུ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས24ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་སླར་གསོ་བྱས་པ་དང་ཕྱོགས་ཡོངས་ནས་ས་ཁུལ་དེའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་བཀག་འགོག་བྱས་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་རང་གི་མི་སྣའི་འགུལ་སྐྱོད་ཇེ་ཉུང་དུ་མི་གཏོང་ཐབས་མེད་ཡིན་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འདས་པའི་གཟའ་འཁོར་གཅིག་གི་ནང་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་ཆགས་འཇིག་རང་བཞིན་གྱི་འཇབ་རྒོལ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་འདུས་པའི་མི་སེར་དཀྱུས་མ་བརྒྱ་ཕྲག་འགའ་རྐྱེན་ལམ་དུ་ཤོར། ཟླ་གསུམ་པའི་ཟླ་མགོ་ནས་བཟུང་། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཚང་མར་བཀག་འགོག་བྱས་པས། ཁོས་མཉམའ་བྲེལ་རྒྱལ་ཚོགས་ཀྱི་ཅཱ་ཧྲ་ས་ཁུལ་གྱི་མི་སྣའི་འགུལ་སྐྱོད་ཇེ་ཉུང་དུ་གཏོང་རྒྱུ་ཐག་བཅད་པ་ཡིན། ཡིན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཅཱ་ཧྲ་ས་ཁུལ་དང་འབྲལ་མི་སྲིད་ལ། སྔར་བཞིན་མུ་མཐུད་དུ་ཅཱ་ཧྲའི་མང་ཚོགས་ལ་མི་ཆོས་རོགས་སྐྱོར་འདོན་སྤྲོད་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།
ཀུའུ་ཐི་ལོས་སི་ཡི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཟའ་འཁོར་འདིའི་ནང་ཅཱ་ཧྲ་ས་ཁུལ་ནས་རྒྱལ་སྤྱིའི་ལས་བྱེད་མི་སྣ་སུམ་ཅུ་ཙམ་ཕྱིར་འཐེན་བྱེད་པའི་འཆར་གཞི་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལ་མིག་སྔར་ཅཱ་ཧྲ་ས་ཁུལ་དུ་བསྡོམས་པས་རྒྱལ་སྤྱིའི་ལས་བྱེད་མི་སྣ་བརྒྱ་ཙམ་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། འཁྲུག་རྩོད་ཕྱོགས་ཁག་སོ་སོས་ངེས་པར་དུ་ཕྱོགས་ཡོངས་ནས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་དང་མི་སེར་དཀྱུས་མར་བརྩི་འཇོག་དང་སྲུང་སྐྱོབ་བྱས་ཏེ། མི་ཆོས་རོགས་སྐྱོར་ཐད་ཀྱི་བཀག་འགོག་མཚམས་འཇོག་པ་དང་། ཆ་རྐྱེན་ཅི་ཡང་མེད་པའི་བཀག་འཇུག་མི་སྣ་ཕྱིར་གཏོང་དགོས་པ་ནན་བཤད་བྱས། ཁོས་རྒྱལ་ཁབ་སོ་སོས་ཕྱི་འབྲེལ་དང་དཔལ་འབྱོར་གྱི་གནོན་ཤུགས་ལ་བརྟེན་ནས་འཁྲུག་རྩོད་ལ་བཀག་འགོག་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་འཇོག་ཐོབ་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注