ཐི་ལིང་ཕུའུ་ཡིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པར་སྟོབས་དང་ལྡན་པའི་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཁྱབ་བསྒྲགས་བྱས།
ཚེས15ཉིན།ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཁྱབ་བསྒྲགས་བྱས་དོན། ཁོས་བཀའ་རྒྱ་བཏང་སྟེ། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པར་སྟོབས་དང་ལྡན་པའི་དམག་དོན་འགུལ་སྐྱོད་སྤེལ་དགོས་པའི་རེ་བ་བཏོན་ཡོད་ཟེར། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་བཤད་རྒྱུར། ཡེ་མིན་གྱི་རྒྱལ་ས་སཱ་ནཱ་རུ་ཚེས15ཉིན་གྱི་དགོང་མོར་བར་སྣང་འཇབ་རྒོལ་ཐེངས་ལྔ་ཐེབས་ནས། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་དགུར་རྨས་ཕོག་ཡོད་ཟེར།
ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཨ་མེ་རི་ཁའི་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པའི་མགོ་ཁྲིད་པ་དང་དམག་དོན་རྟེན་གཞི། དེ་མིན་མཁའ་སྲུང་མ་ལག་སོགས་ལ་དཔུང་འཇུག་བྱེད་བཞིན་ཡོད་ཟེར། ཁོས་ཧུའུ་སེ་དྲག་ཆས་པ་དེ་འཇིགས་སྐུལ་ཉེས་ཅན་དུ་འབོད་པ་དང་། འདས་པའི་ལོ་མང་བོའི་རིང་ལ་མཚོ་དམར་ས་ཁུལ་ནས་ཨ་མེ་རི་ཁ་དང་དེའི་མནའ་མཐུན་རྒྱལ་ཁབ་གྱི་གྲུ་གཟིངས་དང་གནམ་གྲུ། མི་མེད་གནམ་གྲུ་སོགས་ལ་དཔུང་འཇུག་བྱས་པར་མ་ཟད། གནད་ལ་འཁེལ་བའི་དྲག་ཤུགས་ལ་བརྟེན་ནས་ཧུའུ་སེ་དྲག་ཆས་པར་ཆམ་ཕབ་གཏོང་དགོས་པའི་ཚུལ་བསྟན་པ་དང་། ཞོར་དུ་དབྱི་ལིང་གིས་ངེས་པར་དུ་ཧུའུ་སེ་དྲག་ཆས་པར་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་།
ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་བར་སྣང་དང་མཚོ་ཐོག་ནས་ཡེ་མིན་ལ་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་བ་དང་། གཙོ་བོ་ཧུའུ་སེ་དྲག་ཆས་པའི་ལེ་ཏཱ་དང་མཁའ་སྲུང་། འཕུར་མདའ། མི་མེད་གནམ་གྲུའི་མ་ལག་བཅས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ལ། དམིགས་ཡུལ་ནི་མཚོ་དམར་གྱི་མཚོ་ཐོག་འགྲུལ་ལམ་བཀག་མེད་ཡོང་བར་བྱེད་ཆེད་ཡིན་ཟེར། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བསྟན་དོན། དམག་དོན་འགུལ་སྐྱོད་དེ་ཉིན་འགའི་རིང་སྤེལ་རྒྱུ་ཡིན་པ་དང་། དེ་ནི་ཐི་ལིང་ཕུའུ་ཡི་འགན་ཡུན་ཐེངས་གཉིས་པའི་ནང་གི་དམག་དོན་འགུལ་སྐྱོད་གལ་ཆེན་ཞིག་ཡིན་ལ། དབྱི་ལིང་ལ་ཉེན་བརྡ་གཏོང་བའི་ཆེད་དུའང་རེད་ཟེར།
གཞན་ཡང་ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། སཱ་ནཱ་རུ་ཉིན་དེའི་དགོང་མོར་བར་སྣང་འཇབ་རྒོལ་ཐེངས་ལྔ་བྱུང་བ་དང་། འཇབ་རྒོལ་ཐེབས་ས་ནི་སློབ་ཆེན་གཅིག་དང་ཧུའུ་སེ་དྲག་ཆས་པའི་དམག་དོན་རྟེན་གཞི་གཅིག་ཡིན་ལ། དེ་ལས་ཉུང་མཐར་ཡང་མི9རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི9ལ་རྨས་ཕོག་ཡོད་ཟེར། སཱ་ནཱའི་སྡོད་དམངས་ཀྱིས་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་སཱ་ནཱ་རུ་བར་སྣང་འཇབ་རྒོལ་བྱེད་སའི་དམིགས་འབེན་ནི་ཧུའུ་སེ་དྲག་ཆས་པའི་དམག་དོན་རྟེན་གཞི་ཞིག་གི་མདེལ་རྫས་དང་མཚོན་ཆའི་མཛོད་ཁང་རེད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注