ཀྲུང་གོའི་འཐུས་ཚབ་པས་སི་རི་ཡས་མགྱོགས་མྱུར་ངང་ཞི་བདེ་མངོན་འགྱུར་བྱུང་ནས་བརྟན་འཇགས་སླར་གསོ་བྱེད་པའི་རེ་བ་བྱེད་ཀྱིན་ཡོད་ཟེར།
ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་སྡོད་འཐུས་མི་གཞོན་པ་ཀུན་ཧྲོང་གིས་ཚེས17ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སི་རི་ཡའི་གནད་དོན་སྤྱི་བསྒྲགས་ཚོགས་འདུའི་སྟེང་བསྟན་དོན། ཉེ་དུས་སི་རི་ཡའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཀྲུང་གོའི་ཕྱོགས་ཀྱིས་དེར་དོ་ཁུར་ཚད་མེད་བྱེད་ཀྱིན་ཡོད་ལ། སི་རི་ཡའི་ཞི་བདེ་མངོན་འགྱུར་བྱུང་ནས་བརྟན་འཇགས་སླར་གསོ་བྱེད་པའི་རེ་བ་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་དེའི་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་འདོད་ཡོད་ཟེར།
ཀུན་ཧྲོང་གིས་ནན་གྱིས་བསྟན་དོན། སི་རི་ཡའི་བདེ་འཇགས་གནས་བབ་བརྟན་འཇགས་ཡོང་རྒྱུ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཡིན། ཀྲུང་གོའི་ཕྱོགས་ཀྱིས་སི་རི་ཡའི་འབྲེལ་ཡོད་ཕྱོགས་སོ་སོས་ཞི་ལྷོད་ཚོད་འཛིན་བྱས་ནས། གནས་བབ་ཛ་དྲག་ཏུ་འགྱུར་བའི་འགུལ་སྐྱོད་སྤེལ་བར་གཡོལ་བ་དང་། འགལ་བ་གསར་བ་འབྱུང་བར་བཀག་འགོག་བྱེད་པའི་འབོད་སྐུལ་བཏང་། ཕྱོགས་སོ་སོར་བྱེད་ཐབས་སྤྱོད་པའི་འོས་འགན་ཡོད་ལ། མི་སེར་ལ་དམིགས་པའི་འཇབ་རྒོལ་བྱེད་ཐབས་ཚང་མ་གཏན་འགོག་བྱས་ཏེ། ཕྱི་འབྲེལ་ལས་ཁུངས་དང་ཕྱི་རྒྱལ་སྤྱི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་སི་རི་ཡའི་རྒྱལ་ཁབ་ལས་ཁུངས་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱས་ནས། སྤྱི་ཚོགས་སྒྲིག་སྲོལ་སླར་གསོ་བྱེད་པར་ཆ་རྐྱེན་བསྐྲུན་པ་དང་། ཤུགས་རྐྱེན་ཡོད་པའི་རྒྱལ་ཁབ་དང་ལྷག་པར་དུ་ས་ཁུལ་རྒྱལ་ཁབ་ཀྱིས་སི་རི་ཡའི་གནས་བབ་བརྟན་འཇགས་ཡོང་བར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པའི་རེ་བ་བྱེད་ཀྱིན་ཡོད་ཟེར། ཀྲུང་གོའི་ཕྱོགས་ཀྱིས་ཉེ་སྔོན་དབྱི་སི་རལ་གྱིས་རྒྱུན་མཐུད་སྒོས་སི་རི་ཡར་བར་སྣང་འཇབ་རྒོལ་བྱས་པར་མ་ཟད་ཀི་ལན་མཐོ་ས་རུ་གཏན་སྡོད་གནས་བསྐྲུན་རྒྱུའི་སྐོར་བསྒྲགས་པར་སེམས་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པར་བསྟན་ཞིང་། དབྱི་སི་རལ་ཕྱོགས་ཀྱིས་གོང་གསལ་བྱ་སྤྱོད་སྤེལ་མཚམས་འཇོག་པའི་འབོད་སྐུལ་བཏང་།
ཀུན་ཧྲོང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱི་སི་རི་ཡས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང2254པ་དངོས་འབེབས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སི་རི་ཡའི་མི་སྣས་གཙོ་ཁྲིད་བྱེད་པ་དང་སི་རི་ཡའི་མི་ཚང་མར་དབང་བའི་རྩ་དོན་ལྟར་རྒྱལ་ནང་ཆབ་སྲིད་ཀྱི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། དཀྱེལ་ཡངས་རང་བཞིན་གྱི་གྲོས་མོལ་བརྒྱུད་ནས་རྒྱལ་ཁབ་བསྐྱར་འཛུགས་ཀྱི་ཇུས་གཞི་འགོད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡའི་སྒེར་ཚུགས་དང་གཅིག་གྱུར། བདག་དབང་དང་མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོབ་བྱེད་པ་དང་། སི་རི་ཡའི་མི་རིགས་ཆོས་ལུགས་སྲོལ་རྒྱུན་ལ་བརྩི་མཐོང་བྱས་ནས། སི་རི་ཡའི་མི་དམངས་རང་བདག་གིས་ཐག་གཅོད་བྱེད་དུ་འཇུག་དགོས། ཀྲུང་གོའི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདུམ་འགྲིག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སི་རི་ཡའི་གནད་དོན་གྱི་ཆེད་བསྐོས་གཞུང་ཚབ་པ་ཕའེ་ཁའེ་རུའུ་ཡིས་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་ལ། ཕྱོགས་སོ་སོས་ཁ་བརྡ་གྲོས་མོལ་བྱས་ནས་ཕྱོགས་སོ་སོར་ཕན་པའི་བཀོད་སྒྲིག་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
ཀུན་ཧྲོང་གིས་ནན་གྱིས་བསྟན་དོན། མ་འོངས་པའི་སི་རི་ཡ་ཡིས་བློ་རྩ་བརྟན་པོས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་སྟོབས་ཤུགས་ལ་ངོ་རྒོལ་བྱེད་དགོས། སི་རི་ཡའི་མངའ་ཁོངས་དེ་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་དང་རྒྱལ་ཁབ་གཞན་གྱི་བདེ་འཇགས་ལ་འཇིགས་སྣང་བསྐུལ་བར་སྤྱོད་མི་རུང་། འཇིགས་རྒོལ་གནད་དོན་སྟེང་། རྒྱལ་ཁབ་སོ་སོར་ཤར་དབྱི་སི་ལན་འགུལ་སྐྱོད་དང་བཅས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མིང་བཏོན་པའི་འཇིགས་སྐུལ་རྩ་འཛུགས་ལ་རྡུང་རྡེག་གཏོང་བའི་འོས་འགན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བསླབ་བྱ་སྡུད་ལེན་བྱས་ནས། ཚད་གཞི་གཉིས་དང་ལག་བསྟར་བྱེད་མི་རུང་ལ་གདམ་གསེས་རང་བཞིན་གྱི་བེད་སྤྱོད་བྱེད་མི་རུང་ཟེར།
ཀུན་ཧྲོང་གིས་བསྟན་དོན། སི་རི་ཡའི་གནས་བབ་ཛ་དྲག་ཏུ་གྱུར་ནས། སྔར་ཛ་དྲག་ཡིན་པའི་མི་ཆོས་ཉམས་ཉེན་སྔར་ལས་ཇེ་སྡུག་ཏུ་གྱུར། ཀྲུང་གོའི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་སི་རི་ཡའི་མི་ཆོས་འགུལ་སྐྱོད་སླར་གསོའི་ཐད་ནུས་པ་བཏོན་པར་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། ཕྱོགས་སོ་སོ་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་གྱི་འོས་འགན་ལག་བསྟར་བྱས་ནས། བཀག་འགོག་མེད་པའི་མི་ཆོས་ཞུགས་འཐུས་ལ་ཁག་ཐེག་བྱེད་པའི་འབོད་སྐུལ་གཏོང་བཞིན་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注