ཀྲུང་གོས་ཁ་ན་ཏས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་མི་སྣར་ཁྲིམས་མཐུན་མིན་པའི་བཀག་སྡོམ་བྱས་པར་རྒོལ་གཏམ་དྲག་པོ་བཏང་།
ཀྲུང་གོའི་ཁ་ན་ཏར་ཡོད་པའི་གཞུང་ཚབ་ཁང་གི་མགྲིན་ཚབ་པས་ཚེས10ཉིན་བཤད་རྒྱུར། ཁ་ན་ཏའི་ཕྱི་འབྲེལ་པུའུ་ཡིས་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཀྲུང་གོར་སྙོན་འཛུགས་བྱས་པ་དང་། ཀྲུང་གོའི་འབྲེལ་ཡོད་མི་སྣར་ཁྲིམས་མཐུན་མིན་པའི་བཀག་སྡོམ་ལག་བསྟར་བྱེད་པ་ཁྱབ་བསྒྲགས་བྱས་པས། འབྲེལ་ཡོད་བྱེད་ཐབས་དེ་རྒྱལ་སྤྱིའི་རྩ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཚབས་ཆེར་འགལ་ཞིང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་ཚབས་ཆེན་བྱས་ནས་སྡུག་རྩུབ་ཆེ་བའི་ཁྱད་གཤིས་མངོན་པས། ཀྲུང་གོ་ཕྱོགས་ཀྱིས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པར་མ་ཟད་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ཟེར།
མགྲིན་ཚབ་པས་བཤད་རྒྱུར། ཀྲུང་གོས་དུས་ནམ་ཡང་འགྲོ་བ་མིའི་ཐོབ་ཐང་ལ་མཐོང་ཆེན་དང་བརྩི་འཇོག་བྱེད་ཅིང་འགན་སྲུང་བྱས་ཡོད། དུས་རབས་ཀྱི་ཁྱད་ཆོས་དང་མཐུན་ཞིང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོང་ཐང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་བཞིན་ཡོད་ལ། འགྲོ་བ་མིའི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པའང་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད། མིག་སྔར། ཞིན་ཅང་དང་བོད་ལྗོངས་ཀྱི་དཔལ་འབྱོར་སྟོབས་དང་ལྡན་པར་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་དང་། རིག་གནས་སྲོལ་རྒྱུན་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་བཞིན་པར་མ་ཟད། རིགས་སོ་སོའི་མི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་དང་། རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་དར་སྤེལ་བྱེད་པའི་རང་དབང་སོགས་འདུ་བའི་ཁེ་དབང་དང་རང་དབང་སྣ་ཚོགས་ཐད་འགན་སྲུང་གང་ལེགས་བྱས་ཡོད། ན་ནིང་གི་ཚུན་དུ། ཕྱི་རྒྱལ་སྲིད་གཞུང་གི་དཔོན་མི་དང་། ཕྱི་འབྲེལ་ཕོ་ཉ། ཆོས་ལུགས་སྡེ་ཁག་གི་མི་སྣ། སྨྱན་བྱད་མཁས་པ་སོགས་མི་སྟོང་ཕྲག་ལྷག་གིས་ཞིན་ཅང་དང་བོད་ལྗོངས་སུ་བཅར་འདྲི་བྱས་ཤིང་། ཁོ་ཚོས་ས་གནས་དེ་གའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོ་བྱས་པར་མ་ཟད། ཀྲུང་གོའི་སྲིད་གཞུང་གིས་ས་གནས་ཀྱི་མི་རིགས་མང་པོའི་རིག་གནས་དང་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་བྱེད་པའི་ཐད་ཧུར་བརྩོན་ཆེན་པོ་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་བརྒྱ་ལ་ཉེ་བ་ཙམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐབ་ལས་འཛིན་ལྷན་ཚོགས་སྟེང་མཉམ་དུ་གཏམ་བཤད་སྤེལ་བ་དང་། ཁེར་རྐྱང་དུ་གཏམ་བཤད་སྤེལ་བ་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་དེ་ཞིན་ཅང་དང་བོད་ལྗོངས་སོགས་ཀྱི་གནད་དོན་དང་འབྲེལ་བའི་ཐད་ཀྲུང་གོ་ཕྱོགས་ཀྱི་དྲང་གཞག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པས། དེས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདོད་བློ་གསལ་བོར་མངོན་ཐུབ། གོང་གསལ་གྱི་དོན་དངོས་དང་དྲང་བདེན་གྱི་མདུན་དུ། བཙན་སྐུལ་ངལ་རྩོལ་དང་གང་འདོད་བཀག་ཉར་བྱེད་པ་སོགས་ཀྲུང་གོར་སྙོན་འཛུགས་བྱེད་པའི་འཆལ་གཏམ་རང་ཤུགས་ཀྱིས་ནུས་མེད་དུ་འགྱུར་ངེས་ཡིན་ཟེར།
མགྲིན་ཚབ་པས་བཤད་རྒྱུར། ཁ་ན་ཏ་ཕྱོགས་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྟེང་སློབ་དཔོན་ལྟ་བུ་བྱས་ནས། རྒྱལ་ཁབ་གཞན་པའི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་གང་འདོད་བཤད་པ་གཏོང་བའི་ཐོབ་ཐང་མེད་ཟེར། ཁ་ན་ཏ་རང་སྟེང་དུའང་འགྲོ་བ་མིའི་ཐོབ་ཐང་གནད་དོན་གྱིས་བཀང་ཡོད་དེ། ད་ལྟའི་བར་དུ་གདོད་མིའི་སྡོད་དམངས་སྔར་བཞིན་མ་ལག་རང་བཞིན་གྱི་རིགས་རྒྱུད་མཐོང་ཆུང་དང་འདྲ་མཉམ་མིན་པའི་བལྟ་སྟངས་འཛིན་པའི་སྣང་ཚུལ་དང་འཕྲད་ཡོད་པས། ཡུལ་འཁྱམས་བྱེད་མཁན་གྱི་ཁེ་དབང་ལ་འགན་སྲུང་དཀོན་ཞིང་། དུག་རྫས་ཡོངས་ཁྱབ་དང་། མི་ནག་གཞུང་ཞབས་པར་རིགས་རྒྱུད་མཐོང་ཆུང་བྱེད་པ་སོགས་ཀྱི་གནད་དོན་དུས་ཡུན་རིང་བོར་ཐག་གཅོད་བྱེད་ཐུབ་མེད། ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏས་རང་སྐྱོན་ངོས་ལེན་བྱས་ཏེ། རང་སྟེང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལེགས་བཅོས་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་མྱུར་དུ་མཚམས་འཇོག་པ། ཀྲུང་གོ་ཕྱོགས་ཀྱི་མི་སྣར་ཁྲིམས་མཐུན་མིན་པའི་ཕྱོགས་རྐྱང་བཀག་སྡོམ་བྱེད་པ་མྱུར་དུ་ཕྱིར་འཐེན་བྱ་རྒྱུའི་སྐུལ་མ་བཏང་བ་ཡིན། ཀྲུང་གོས་བྱེད་ཐབས་བརྟན་པོ་བཏོན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་དབང་བཅས་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注