ཨུ་རུ་སུའི་མཁའ་ཟོན་དམག་དཔུང་གིས་ཡུག་རེན་གྱི་མི་མེད་གནམ་གྲུ44བཀག་བ་དང་ཡུག་རེན་གྱིས་གཡུལ་སའི་ཁུལ་དུ་འཐབ་འཛིང་ཐེངས122བྱུང་ཡོད་ཅེས་བཤད་པ།
ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས24ཉིན་དམག་འཐབ་གནས་ཚུལ་ཁྱབ་བསྒྲགས་བྱས་པའི་ནང་། འདས་ཟིན་པའི་ཉིན་གཅིག་གི་རིང་། ཨུ་རུ་སུའི་དམག་དཔུང་གིས་ས་ཁུལ141ཏུ་ཡུག་རེན་དམག་གི་ད་ཡོད་སྟོབས་ཤུགས་དང་སྒྲིག་ཆས་གཅིག་བསྡུས་ཁུལ་དང་། ཡུག་རེན་དམག་གི་དམག་སྤྱོད་གནམ་གྲུ་ཐང་ཁ་ཤས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། མི་མེད་གནམ་གྲུའི་ཐོན་སྐྱེད་འཁོར་ཁང་དང་གསོག་ཉར་ས་གནས་ཁ་ཤས་ལ་རྡུང་རྡེག་བཏང་པ་དང་། ཨུ་རུ་སུའི་མཁའ་ཟོན་དམག་དཔུང་གིས་ཡུག་རེན་དམག་གི་མི་མེད་གནམ་གྲུ44གཏོར་ཡོད་ཅེས་བཤད། ཡུག་རེན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཉིན་དེར་དམག་འཐབ་གནས་ཚུལ་ཁྱབ་བསྒྲགས་བྱས་པའི་ནང་། གཡུལ་ས་རུ་ཉིན་དེར་དམག་འཐབ་ཐེངས122བྱུང་པ་དང་། གཡུལ་སའི་གནས་བབ་སྔར་བཞིན་ཛ་དྲག་ཆེ་ཞིང་། ལྷག་པར་དུ་ཁུའུ་ལ་ཧུའོ་ཝོ་དང་པོ་ཁེ་ལོ་ཧྥུ་སི་ཁེའི་ཕྱོགས་སུ་ཛ་དྲག་ཆེ་ཤོས་ཡིན་པ་དང་། ཡུག་རེན་དམག་གིས་བྱེད་ཐབས་ཡོད་ཚད་སྤྱད་དེ་ཨུ་རུ་སུའི་ཚུར་རྒོལ་བཀག་ཡོད་པ་དང་། ཁུའུ་ཨེར་སི་ཁུ་ས་ཁུལ་དུ་བྱ་སྤྱོད་མུ་མཐུད་དུ་སྤེལ་བཞིན་ཡོད་ཅེས་བཤད།
ཚེས24ཉིན། ཨུ་རུ་སུའི་རྒྱལ་ཡོངས་བརྙན་འཕྲིན་རླུང་འཕྲིན་ཀུང་སིས་ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའི་བཅར་འདྲི་ཞིག་ཁྱབ་བསྒྲགས་བྱས་ཡོད་པའི་ནང་། ཕེ་སི་ཁོ་ཧྥུས་ཨུ་རུ་སུས"ཀྲེན་སྡོང"རྟགས་ཅན་གྱི་འཕུར་མདས་རྡུང་རྡེག་བཏང་བའི་དོན་དེའི་ཐད། ཨུ་རུ་སུ་དང་ཨ་རི་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་གནས་ཚུལ་སྔར་བྱུང་མ་མྱོང་ལ། དོན་དངོས་ཐོག་ཨ་རི་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག རིན་དོད་གང་ལའང་མི་འཛེམ་པར་ཨུ་རུ་སུར་འགོག་གནོན་བྱས་ཏེ་ཨུ་རུ་སུ་འཐབ་ཇུས་ཐོག་ཕམ་ཉེས་ཡོང་བ་བྱེད་རྩིས་ཡོད་པ་གསལ་པོར་བསྟན་ཡོད། དེར་བརྟེན་ཨུ་རུ་སུ་ཕྱོགས་ནས་"ཁྱེད་ཚོས་བསམ་པའི་ཡུལ་དུའང་འཁོར་མི་རུང་"ཞེས་པའི་ཐ་ཚིག་བསྒྲགས་པ་སྟེ། འཕུར་མདའ་གསར་པ་སྤྱད་ནས་རྡུང་རྡེག་བཏང་བ་དེ་ཧ་ཅང་དུས་ཐོག་དང་དགོས་ངེས་ཤིག་ཡིན་ལ་ཕན་ནུས་ཀྱང་ལྡན་ཞེས་བཤད། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅིས་ཚེས24ཉིན་སྤྱི་འབྲེལ་སྨྱན་སྦྱོར་ཐོག ཡུག་རེན་བདེ་འཇགས་ཅུའུ་དང་ནང་སྲིད་པུའུ་ཡིས་ཉིན་དེར་གསར་འགྱུར་ལས་ཁུངས་ལ་ཏི་ཉེ་པོ་ལུའོ་ལ་འཇབ་རྒོལ་བྱས་པའི་ཨུ་རུ་སུའི་འཕུར་མདའི་ཆག་རོ་བསྟན་པ་དང་། ཡུག་རེན་ཕྱོགས་ཀྱིས་མིག་སྔར་མཉམ་ལས་རོགས་པ་དང་མཉམ་དུ་འཕུར་མདའི་ཆག་རོ་ལ་ཞིབ་བཤེར་ཞིབ་མོ་བྱས་ཏེ། འཕུར་མདའི་ཞིབ་ཆ་དང་ཁྱད་ཆོས་ཚང་མ་གཏན་འཁེལ་བྱེད་བཞིན་ཡོད་པ་དང་འབྲེལ། ཨུ་རུ་སུའི་གོ་མཚོན་ཤུགས་ཆེ་བའི་དམག་འཐབ་རིམ་སྤོར་དེར་ཁ་གཏད་གཅོག་ཐབས་ཐུན་མོང་ཐོག་འཚོལ་བཞིན་ཡོད་ཅེས་བཤད། ཡུག་རེན་ཕྱི་འབྲེལ་པུའུ་ཀྲང་གིས་ཉིན་དེར་སྤྱི་འབྲེལ་སྨྱན་སྦྱོར་ཐོག་མཉམ་ལས་རོགས་པས་མཁའ་ཟོན་མ་ལག་མཁོ་འདོན་བྱས་ནས"ཀྲེན་སྡོང"རྟགས་ཅན་གྱི་སྒྲའི་མྱུར་ཚད་ལས་བརྒལ་བའི་འབྲིང་རིམ་མདེལ་ལམ་འཕུར་མདའ་འགོག་དགོས་པའི་འབོད་སྐུལ་བྱས་ཡོད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注