ཨ་སའེ་པའེ་ཅང་གི་རྒྱལ་ས་པ་ཁུའུ་རུ་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཞེས་པའི་ཆིངས་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས29པ་དེ་ས་གནས་དེ་གའི་དུས་ཚོད་ཚེས24ཉིན་མཇུག་འགྲིལ་བ་དང་། ཚོགས་ཆེན་ཐོག པ་ཁུའུ་གནམ་གཤིས་མཐུན་སྒྲིལ་གན་རྒྱ་བཞག་པ་མ་ཟད། གནམ་གཤིས་འགྱུར་བའི་ལས་དོན་གྱི་འཆར་གཞི་ཇེ་ཉུང་དུ་གཏོང་རྒྱུ་དང་གོ་ལ་ཧྲིལ་པོ་གནམ་གཤིས་འགྱུར་བ་དང་མཐུན་པའི་དམིགས་ཚད་སོགས་ཀྱི་ཐད་བཀོད་སྒྲིག་བྱས་ཏེ། གོ་ལ་ཧྲིལ་པོའི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གྱི་འཕེལ་ཕྱོགས་ཆེན་པོ་སྔར་བས་སྲ་བརྟན་དུ་བཏང་ཡོད།
དུས་ཡུན་གཟའ་འཁོར་གཉིས་རིང་གྲོས་མོལ་བྱས་པ་བརྒྱུད། ཚོགས་ཆེན་ཐོག《སྤྱི་ཆིངས》དང《ཅིང་ཏུའུ་གྲོས་ཆོད་ཡི་གེ》 །《ཕ་རི་སིའི་གྲོས་མཐུན》བཅས་དོན་འཁྱོལ་བྱེད་པའི་སྐོར་གྱི་གཏན་འབེབས་ཁག20ལྷག་ལ་གྲོས་འཆམ་བྱུང་བ་དང་།“པ་ཁུའུ་གནམ་གཤིས་མཐུན་སྒྲིལ་གན་རྒྱར”དོ་སྙོམས་ཀྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་དང་། ལྷག་པར་དུ2025ལོའི་རྗེས་ཀྱི་གནམ་གཤིས་ཐད་ཀྱི་མ་དངུལ་དམིགས་ཚད་དང་འབྲེལ་ཡོད་བཀོད་སྒྲིག་ལ་གྲོས་མཐུན་བྱུང་བ་དང་། 2035ལོར་སླེབས་སྐབས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་ལྟར་ཉུང་མཐར་ཡང་ཨ་སྒོར་དུང་ཕྱུར3000གཏོང་རྒྱུའི་མ་དངུལ་གྱི་དམིགས་ཚད་དང་། དེ་བཞིན་ལོ་ལྟར་ཉུང་མཐར་ཡང་ཨ་སྒོར་དུང་ཕྱུར་ཁྲི1.3གྱི་གནམ་གཤིས་མ་དངུལ་བསྡུ་སྒྲིལ་གྱི་དམིགས་ཚད་བཟོས་ཐོག གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གནམ་གཤིས་བྱ་སྤྱོད་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་སྤྱོད་རྒྱུ་རེད། དེ་དང་ཆབས་ཅིག《ཕ་རི་སིའི་གྲོས་མཐུན》གྱི་རྒྱལ་སྤྱིའི་ཐཱན་ཁྲོམ་རའི་ལམ་སྲོལ་འཁོར་སྐྱོད་ཞིབ་སྲོལ་དོན་ཚན་དྲུག་པ་ལེགས་གྲུབ་བྱུང་ཡོད། ཀྲུང་གོའི་འཐུས་མི་ཚོགས་པའི་ཚོགས་གཙོ། སྐྱེ་ཁམས་ཁོར་ཡུག་པུའི་པུའུ་ཀྲང་གཞོན་པ་ཀྲའོ་དབྱིན་རྨིན་གྱིས། ད་ལོ་ནི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ལ་ནུས་པ་ཐོན་ནས་ལོ30འཁོར་བའི་ལོ་རེད། ལོ30རིང་གི་གནམ་གཤིས་སྤྱི་ཆིངས་ཀྱི་བཅོས་སྐྱོང་གི་འཕེལ་རིམ་ལ་ཚོད་བགམ་མང་པོ་ཐེབས་ཡོད་ཅིང་། བགེགས་མེད་བདེ་བགྲོད་ཅིག་མིན་ཡང་སྔ་ཕྱི་བར་གསུམ་དུ་མདུན་ཕྱོགས་སུ་སྐྱོད་བཞིན་ཡོད། མིའི་རིགས་ནི་ལས་དབང་གཅིག་མཐུན་ཚོགས་པ་ཅིག་ཡིན་པས། གནམ་གཤིས་ཀྱི་ཉམས་ཉེན་གྱི་མདུན་དུ་ང་ཚོས་མཐུན་སྒྲིལ་རོགས་ལས་བྱས་ནས་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུ་ལས་མ་འདས། ཚོགས་འདུའི་ཐོག་གྲོས་མཐུན་བྱུང་བའི་གནམ་གཤིས་ཐད་ཀྱི་མ་དངུལ་བསྡུ་སྒྲིལ་མཉམ་སྡེབ་ཚད་འབེབས་དམིགས་ཚད་གསར་པ་ཞེས་པའི་གྲུབ་འབྲས་ཡིག་ཆའི་ནང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མ་དངུལ་གྱིས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དགོས་མཁོ་གཏན་ནས་སྐོང་མི་ཐུབ་པ་ང་ཚོར་དོ་སྣང་བྱུང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མ་དངུལ་གྱི་འོས་འགན་ངེས་པར་དུ་སྔར་ལས་ཁ་གསལ་དུ་གཏོང་དགོས་ཞེས་གསུངས།
སྐབས་འདིའི་ཚོགས་ཆེན་ཐོག ཀྲུང་གོའི་འཐུས་མི་ཚོགས་པ་ཚོགས་ཆེན་གྱི་གྲོས་གཞི་ཁག་གི་དབྱེན་འབྱེད་གྲོས་མོལ་ནང་ཁྱོན་ཡོངས་ནས་ཞུགས་ཏེ། ཚོགས་ཆེན་ལེགས་འགྲུབ་ཡོང་ཆེད་དགེ་མཚན་ལྡན་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཡོད། དེ་དང་དུས་མཚུངས་སུ་ཀྲུང་གོ་ཕྱོགས་ཀྱིས་ཉམས་མྱོང་མཉམ་སྤྱོད་དང་གྲོས་འདོན་ཚོགས་འདུ་རབ་དང་རིམ་པའི་བྱེད་སྒོ་སྤེལ་ནས་གནམ་གཤིས་འགྱུར་བར་ཁ་གཏད་ཧུར་ཐག་གཅོག་པའི་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་པར་ཕྱོགས་ཁག་གི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད། ཀྲའོ་དབྱིན་རྨིན་གྱིས། ཕྱོགས་ཁག་གིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཏེ“ཐུན་མོང་ཡིན་ལ་ཁྱད་པར་ཡོད་པའི་འགན་འཁྲིའི”རྩ་དོན་གཞིར་བཟུང་།《ཕ་རི་སིའི་གྲོས་མཐུན》གྱི་རྨང་གཞིའི་ཐོག་བྱ་སྤྱོད་ཕྱིར་སྣུར་མི་བྱེད་པའི་འགན་ལེན་བྱེད་དགོས་པར་ཀྲུང་གོ་ཕྱོགས་ཀྱིས་རེ་འབོད་བྱ་རྒྱུ་ཡིན། ཀྲུང་གོ་ནི་འགན་འཁུར་བའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཁག་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་གི་ཕྱོགས་མང་འཕེལ་རིམ་དང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་གནམ་གཤིས་འགྱུར་བར་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་མུ་མཐུད་ལག་ལེན་བསྟར་བ་དང་། ཐཱན་རྩེ་གྲངས་དང་ཐཱན་བཏང་སྙོམས་ཀྱི་དམིགས་འབེན་དོན་འཁྱོལ་བྱེད་པ། གནམ་གཤིས་འགྱུར་བའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་ལྗང་མདོག་ཐཱན་ཉུང་དང་། གནམ་གཤིས་ཀྱི་འདེམས་ཤུགས། རྒྱུན་མཐུད་རུང་བའི་གོང་འཕེལ་བཅས་ཀྱི་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注