ཨེ་ཅིབ་དང་མ་ལེ་ཞི་ཡཱས་དབུས་ཤར་ས་ཁུལ་དུ་ཞི་བདེ་དང་བདེ་འཇགས་མངོན་འགྱུར་བྱེད་པའི་འབོད་སྐུལ་བཏང་།

ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ཡིས་ཚེས10ཉིན་རྒྱལ་ས་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་མ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར་ལ་ཐུག་འཕྲད་བྱས་ཤིང་། ཕྱོགས་གཉིས་ཀྱིས་དབུས་ཤར་ས་ཁུལ་དུ་ཞི་བདེ་དང་བདེ་འཇགས་མངོན་འགྱུར་བྱེད་པའི་འབོད་སྐུལ་བཏང་།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་གསལ་བསྒྲགས་ལྟར་ན། རྒྱལ་ཁབ་གཉིས་ཀྱིས་ཕ་ལེ་སི་ཐན་མི་དམངས་ཀྱི་རང་བདག་ཁེ་དབང་བསྐྱར་སྒྲོག་བྱས་པ་དང་། དེའི་ཁྲོད་རང་ཚུགས་ཀྱི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་པའི་དབང་ཆ་འདུས་ཡོད། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ད་ལོའི་ཟླ5ཚེས10ཉིན་གྲོས་འཆམ་བྱུང་བའི་འབྲེལ་ཡོད་ཆོད་དོན་གཞིར་བཟུང་སྟེ། ཕ་ལེ་སི་ཐན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་ངོ་མར་འགྱུར་བའི་རེ་ཞུར་བསམ་གཞིགས་གཏོང་རྒྱུའི་སྐུལ་མ་བཏང་།

དེ་ལས་གཞན། རྒྱལ་ཁབ་གཉིས་ཀྱིས་དབྱི་སི་རལ་གྱིས་ལེ་པ་ནོན་དུ་རྒྱུན་མཐུད་ཀྱི་བཙན་འཛུལ་དང་བར་སྣང་འཇབ་རྒོལ་བྱས་ཏེ་མི་སྣ་མང་བོར་ཤི་རྨས་ཐེབས་པར་མ་ཟད། རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླགས་ཚབས་ཆེན་བཟོས་པར་རྒོལ་གཏམ་བཏང་ཞིང་། དབྱི་སི་རལ་གྱིས་དམག་དོན་འགུལ་སྐྱོད་ཁྲོད་རྒྱལ་སྤྱིའི་བཅའ་ཁྲིམས་དང་། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས། མི་དབང་བཅའ་ཁྲིམས་ལ་མུ་མཐུད་དུ་ངོ་རྒོལ་བྱས་ནས་ལེ་པ་ནོན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བཙན་འཛུལ་བྱས་པར་རྒོལ་གཏམ་བཏང་སྟེ། མི་ཆོས་རིང་ལུགས་ཀྱི་གནོད་འཚེ་མཇུག་བསྒྲིལ་དགོས་ཟེར།

རྒྱལ་ཁབ་གཉིས་ཀྱིས་ལེ་པ་ནོན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་བསྐྱར་སྒྲོག་བྱས་པར་མ་ཟད། ལེ་པ་ནོན་སྲིད་གཞུང་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ས་གནས་དེའི་ཞི་བདེ་དང་བདེ་འཇགས་ལ་ཁག་ཐེག་བྱ་རྒྱུ་ཡིན་ཟེར།

ཚེས9ཉིན་གྱི་དགོང་མོར་ཨན་ཝ་ཨར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་ཐོན་ནས། དུས་ཡུན་ཉིན་བཞིའི་རིང་གི་འཚམས་འདྲི་བྱེད་མགོ་བརྩམས་ཤིང་། དུས་སྐབས་འདི་མ་ལེ་ཞི་ཡཱ་དང་ཨེ་ཅིབ་བར་འབྲེལ་བ་བཙུགས་ནས་ལོ65འགོར་བའི་དུས་དང་འཁེལ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号