དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ཆེས་ཆེ་བའི་གཞུང་བཙུགས་སྨན་ཁང་གི་ཉེ་འཁོར་དུ་བར་སྣང་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི13རྐྱེན་ལམ་དུ་ཤོར།

ལེ་པཱ་ནུན་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས22ཉིན་སྤྱི་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་ངོས་ཀྱི་ལཱ་ཧྥེ་ཁི་ཧཱ་ལི་ལི་སློབ་ཆེན་སྨན་ཁང་གི་ཉེ་འཁོར་དུ་བར་སྣང་འཇབ་རྒོལ་བྱས་ཏེ། མི13རྐྱེན་ལམ་དུ་ཤོར་བ་དང་། མི57ལ་རྨས་ཕོག་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས21ཉིན་གྱི་དགོང་མོར་སྨན་ཁང་གི་ཉེ་འཁོར་ས་ཁུལ་དུ་འགས་གཏོར་བཏང་། ལེ་པཱ་ནུན་གྱི་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་ལས་སྨན་ཁང་གི་སྒྲིག་ཆས་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་དང་། ལཱ་ཧྥེ་ཁི་ཧཱ་ལི་ལི་སློབ་ཆེན་སྨན་ཁང་དེ་པེ་རུ་ཐིའི་ལྷོ་ངོས་ཀྱི་ཅི་ནཱ་ས་ཁུལ་དུ་ཡོད་ལ། ལེ་པཱ་ནུན་གྱི་ཆེས་ཆེ་བའི་གཞུང་བཙུགས་སྨན་ཁང་ཡིན་པ་དང་། འཕྲོད་བསྟེན་པུའུ་ཡི་ཐོག་ཁང་དང་དམ་དུ་སྦྲེལ་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས22ཉིན་སྤེལ་བའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་དམིགས་འབེན་ནི་སྨན་ཁང་ཉེ་འདབས་ཀྱི་ཀྲིན་ཀྲུའུ་ཏང་གི་སྒྲིག་ཆས་ཡིན་པ་དང་། སྨན་ཁང་དེའི་འཁོར་སྐྱོད་ལ་བར་སྣང་འཇབ་རྒོལ་གྱི་ཤུགས་རྐྱེན་ཐེབས་མེད་ཟེར།

གཞན་ཡང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་སྨྱན་བྱད་ཀྱིས་ཚེས22ཉིན་བསྒྲགས་པ་ལྟར་ན། རྩ་འཛུགས་དེས་ཉིན་དེའི་ཞོགས་པར་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་གྲོང་ཁྱེར་ཉེ་འདབས་ཀྱི་དམག་དོན་རྟེན་གཞི་གཉིས་དང་དབྱི་སི་རལ་ནུབ་བྱང་ཕྱོགས་ཀྱི་ཧེ་ཧྥ་གྲོང་ཁྱེར་གྱི་མཚོ་དམག་རྟེན་གཞི་ཞིག་ལ་མེ་ཤུགས་འཕུར་མདའི་འཇབ་རྒོལ་བྱས་ཡོད་ཟེར།

ཀྲིན་ཀྲུའུ་ཏང་གི་གསལ་སྒྲོག་གཞན་ཞིག་ལས་བཤད་རྒྱུར། རྩ་འཛུགས་དེས་ཉིན་དེར་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་ནས་དབྱི་སི་རལ་གྱི་དམག་དཔུང་གི་ཐན་ཁི་འཁོར་ལོ་གཅིག་གཏོར་བཤིག་བཏང་ཡོད་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号