ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་སྨྱན་བྱད་གཞུང་སྒྲུབ་ཁང་གི་འགན་ཁུར་བ་ཨ་ཧྥེ་ཧྥུའུ་ཡིས་ཚེས22ཉིན་བཤད་རྒྱུར། རྩ་འཛུགས་དེས་མུ་མཐུད་དུ་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་དམིགས་པའི་འཇབ་རྒོལ་སྤེལ་རྒྱུ་ཡིན་ཟེར།

ཨ་ཧྥེ་ཧྥུའུ་ཡིས་ཉིན་དེར་རྒྱལ་ས་པེ་རུ་ཐིའི་ལྷོ་འདབས་སུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ་ཏེ་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གི་དེའི་སྔོན་ནེ་ཐཱ་ནི་ཡཱ་ཧུའུ་ཡི་སྡོད་གནས་ལ་དམིགས་པའི་མི་མེད་གནམ་གྲུའི་འཇབ་རྒོལ་དོན་རྐྱེན་ལ་འགན་ཁུར་བ་དང་། མུ་མཐུད་དུ་ནེ་ཐཱ་ནི་ཡཱ་ཧུའུ་ལ་དམིགས་པའི་འཇབ་རྒོལ་སྤེལ་རྒྱུ་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། ཀྲིན་ཀྲུའུ་ཏང་གིས་འཐབ་འཁྲུག་བྱེད་པའི་སྐབས་སུ་དབྱི་སི་རལ་བར་གྲོས་མོལ་བྱེད་མི་སྲིད་ཟེར། ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་ལ་དམིགས་པའི་འཇབ་རྒོལ་གཏན་འཇགས་ངང་ཇེ་མང་དུ་གཏོང་བཞིན་ཡོད་ལ། དབྱི་སི་རལ་གྱི་དམག་དཔུང་ལ་གྱོད་གུད་ཆེན་པོ་བཟོས་ཡོད་ཟེར།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཉིན་དེ་སྔ་དྲོར་དབྱི་སི་རལ་བྱང་ཕྱོགས་ཀྱི་ཁའེ་སཱ་ལི་ཡཱ་གྲོང་ཁྱེར་དུ་མི་མེད་གནམ་གྲུ་གཅིག་བཏང་བ་དང་། དམིགས་འབེན་ནི་ནེ་ཐཱ་ནི་ཡཱ་ཧུའུ་ཡི་གྲོང་ཁྱེར་དེར་ཡོད་པའི་སྒེར་གྱི་སྡོད་གནས་ཡིན་ལ། དོན་རྐྱེན་དེ་བྱུང་སྐབས་ནེ་ཐཱ་ནི་ཡཱ་ཧུའུ་བཟའ་ཟླ་གཉིས་ཁྱིམ་དུ་མེད་ཟེར།

ལེ་པཱ་ནུན་གྱི་སྤྱི་བའི་འཕྲོད་བསྟེན་པུའུ་ཡིས་ཚེས22ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་མུ་མཐུད་དུ་ལེ་པཱ་ནུན་གྱི་ས་ཁུལ་མང་བོ་ནས་བར་སྣང་འཇབ་རྒོལ་འགུལ་སྐྱོད་སྤེལ་བ་དང་། དེའི་ནང་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ནཱ་པེད་ཐིས་ཡེ་གྲོང་ཁྱེར་གྱི་བར་སྣང་འཇབ་རྒོལ་ལས་མི13རྐྱེན་ལམ་དུ་ཤོར་ཟེར། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ཚེས21ཉིན་པེ་རུ་ཐིའི་ལཧོ་ཕྱོགས་ཀྱི་ལཱ་ཧྥེ་ཁི་ཧཱ་ལི་ལི་སློབ་ཆེན་སྨན་ཁང་གི་ཉེ་འཁོར་དུ་བར་སྣང་འཇབ་རྒོལ་བྱས་པ་ལས་བྱིས་པ་བཞི་དང་བཅས་པའི་མི18རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི60ལ་རྨས་ཕོག་ཡོད་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号