ཨོ་སི་ཁྲུ་རི་ཡཱའི་ཙུང་ཐུང་གིས་ད་ལྟའི་ཙུང་ལི་ནེ་ཧཱ་མའོ་ལ་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ།

ཨོ་སི་ཁྲུ་རི་ཡཱའི་ཙུང་ཐུང་ཧྥན་ཏི་པེ་ལོན་གྱིས་ཚེས22ཉིན་ད་ལྟའི་ཙུང་ལི། མི་དམངས་ཏང་གི་ཏང་གཙོ་ནེ་ཧཱ་མའོ་ཡིས་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ།

ཧྥན་ཏི་པེ་ལོན་གྱིས་ཉིན་དེའི་ཕྱི་དྲོར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་རྗེས་ཀྱི་གྲོས་ཁང་གི་ཏང་ཁག་ཆེན་མོ་དང་པོ་རང་དབང་ཏང་གིས་མཉམ་འབྲེལ་སྲིད་འཛིན་གྲོགས་པོ་རྙེད་མེད་པ་དང་། གྲོས་ཁང་གི་ལས་གནས་མང་ཤོས་ཟིན་ཐབས་མེད་པས། ཁོས་ཏང་ཁག་ཆེན་མོ་གཉིས་པ་མི་དམངས་ཏང་གི་ཏང་གཙོ་ནེ་ཧཱ་མའོ་ལ་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་པའི་དབང་ཆ་སྩོལ་རྒྱུ་ཐག་བཅད་པར་མ་ཟད། ནེ་ཧཱ་མའོ་ཡིས་མྱུར་མོར་གྲོས་ཁང་གི་ཏང་ཁག་ཆེན་མོ་གསུམ་པ་སྤྱི་ཚོགས་དམངས་གཙོ་ཏང་དང་མཉམ་དུ་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་དོན་ལ་གྲོས་མོལ་བྱས་ཏེ། མྱུར་མོར་གཏན་འཇགས་དང་ནུས་ལྡན། ཡིད་རྟོན་ཅན་གྱི་སྲིད་གཞུང་ཞིག་རྩ་འཛུགས་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།

ནེ་ཧཱ་མའོ་ཡིས་དེའི་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཁོས་ཙུང་ཐུང་གི་ངག་བཅོལ་དང་ལེན་བྱས་ཏེ། མྱུར་མོར་སྲིད་ཏང་གཞན་པའི་བར་གྲོས་མོལ་བྱས་ནས། ཧུར་ཐག་སྒོས་གྲོས་ཁང་ལ་རྒྱ་ཆེར་རྒྱབ་སྐྱོར་བྱེད་པའི་གཏན་འཇགས་ཀྱི་སྲིད་གཞུང་ཞིག་རྩ་འཛུགས་བྱེད་པར་འགན་སྲུང་བྱས་ཏེ། ཨོ་སི་ཁྲུ་རི་ཡཱའི་མདུན་དུ་ལྷགས་པའི་འགྲན་རྩོད་ཐག་གཅོད་བྱེད་རྒྱུ་མ་ཟད། མྱུར་མོར་ཐག་གཅོད་བྱ་དགོས་པའི་བཅོས་བསྒྱུར་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

རང་དབང་ཏང་གི་ཏང་གཙོ་ཅི་ཁི་ཨར་གྱིས་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ཏེ། ཧྥ་ཏི་པེ་ལོན་གྱི་བྱ་སྤྱོད་དེས་ཨོ་སི་ཁྲུ་རི་ཡཱའི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་གྲུབ་པའི་ཙུང་ཐུང་གིས་གྲོས་ཁང་གི་ཏང་ཁག་ཆེན་མོ་དང་པོར་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་དབང་ཆ་སྩོལ་བའི་རྒྱུན་སྲོལ་དེ་གཏོར་ཡོད་ཟེར།

ཨོ་སི་ཁྲུ་རི་ཡཱ་ཡིས་ཟླ9བའི་ཚེས29ཉིན་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། ཅི་ཁི་ཨར་གྱིས་མགོ་ཁྲིད་པའི་གཡས་ཕྱོགས་རང་དབང་ཏང་དེ་ཐོག་དང་པོར་གྲོས་ཁང་གི་ཏང་ཁག་ཆེན་མོ་དང་པོར་གྱུར་ཡང་། གྲོས་ཁང་གི་ལས་གནས་ཀྱི་ཕྱེད་གྲངས་ཡན་ཐོབ་མེད། ནེ་ཧཱ་མའོ་ཡིས་མགོ་ཁྲིད་པའི་མི་དམངས་ཏང་ཨང་གཉིས་པ་དང་དབུས་གཡོན་ཕྱོགས་ཀྱི་སྤྱི་ཚོགས་དམངས་གཙོ་ཏང་ཨང་གསུམ་པར་གནས་ཡོད། མི་དམངས་ཏང་གིས་ཅི་ཁི་ཨར་གྱིས་མགོ་ཁྲིད་འོག་རང་དབང་ཏང་དང་མཉམ་འབྲེལ་སྲིད་འཛིན་བྱེད་པར་ཁས་ལེན་མ་བྱས་པ་དང་། གྲོས་ཁང་དུ་ཞུགས་པའི་སྲིད་ཏང་གཞན་པས་རང་དབང་ཏང་བར་མཉམ་འབྲེལ་སྲིད་འཛིན་བྱེད་པར་ཁས་ལེན་མ་བྱས་པས་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པར་བཀག་རྒྱ་ཆེན་པོ་བྱུང་བ་རེད། ཧྥན་ཏི་པེ་ལོན་གྱིས་དེའི་རྗེས་སུ་གྲོས་ཁང་གི་འདེམ་ཤོག་ཆེས་མང་བོ་ཐོབ་པའི་སྲིད་ཏང་ཆེན་མོ་གསུམ་གྱིས་རང་དབང་གིས་གྲོས་མོལ་བྱས་ནས་མིག་སྔའི་དཀའ་གནད་དེ་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན་ཡང་། མཇུག་མཐར་ཏང་ཁག་གསུམ་གྱིས་སྔོན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་པས། རང་དབང་ཏང་གིས་མཉམ་འབྲེལ་སྲིད་འཛིན་བྱེད་པའི་གྲོགས་པོ་རྙེད་ཐབས་མེད་པར་གྱུར་བ་རེད།

ཨོ་སི་ཁྲུ་རི་ཡཱའི་སྨྱན་བྱད་ཀྱིས་བལྟས་ན། ཧྥན་ཏི་པེ་ལོན་གྱི་བྱ་སྤྱོད་དེས་རང་དབང་ཏང་སྐབས་གསར་བའི་སྲིད་གཞུང་གི་ཕྱིར་ཕུད་ཡོད། ཡིན་ཡང་སྲིད་ཏང་གཞན་པས་རང་དབང་ཏང་བར་མཉམ་འབྲེལ་གྱི་ལངས་ཕྱོགས་མི་འཛིན་ཡང་། ཏང་ཁག་སོ་སོའི་ཆབ་སྲིད་ལངས་ཕྱོགས་དང་སྲིད་ཇུས་ཀྱི་གྲོས་གཞིར་བར་ཁྱད་ཆེན་པོ་ཡོད། ནེ་ཧཱ་མའོ་ཡིས་སྲིད་གཞུང་གསར་བའི་རྩ་འཛུགས་ཀྱི་གྲོས་མོལ་ཡོངས་འགྲུབ་བྱེད་དགོས་ན་ལས་སླ་མོ་ཞིག་ཡིན་ལ། སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པར་དུས་ཚོད་ངེས་ཅན་དགོས་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号