སེང་ཨ་བསེ་དང་འབྲེལ་བའི་གཏམ།
གཡའ་སེལ། ཡུལ་ཤུལ།
༡
བོད་དམངས་ཁྲོད་ཀྱི་ངལ་རྩོལ་ལས་བྱུང་བའི་དཔའ་བོའི་རྟོགས་བརྗོད་རིང་མོ་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་ཀྱི་སྐད་ཆའི་ཆོས་ཉིད་ཀྱི་འཇིངས་སུ་གནས་བཅས་པའི་ཧ་ཅང་གཞི་ཁྱོན་ཆེ་ཞིང་གྲངས་ཀ་མང་བའི་རིག་གནས་ཤིག་སྟེ།མདོ་དབུས་མཐོ་སྒང་དུ་གནས་པའི་རི་གངས་ཅན་པ་ཚང་གི་གནའ་ཡི་སྲོལ་ལུགས་སོགས་ཇི་བཞིན་དུ་མཐོང་བའི་ཚིག་གི་སྒྱུ་རྩལ་ལ་བརྟེན་པའི་དོན་གྱི་མེ་ལོང་ཞིག་ཏུ་མཐོང་ཐུབ་པ་ནི་གནད་ཀྱི་རྩ་བ་ཡིན་པ་དང་།
སྒྲུང་མཁན་སོ་སོས་རྩལ་འདོན་བྱེད་ལུགས་ཀྱང་མི་འདྲ་བའི་དབང་གིས་རྙོག་འཛིང་ཆེ་བའི་དཀའ་གནད་ཅིག་ཏུ་མཐོང་ཐུབ་པ་ནི་གེ་སར་སྒྲུང་དང་འབྲེལ་བའི་སྐད་ཆ་བཤད་མཁན་ཚོས་མ་ཤེས་ཐབས་མེད་ཀྱི་དོན་ཆེན་ཞིག་ཏུ་ཤེས་དགོས་པ་ནི་ངས་ཀྱང་ཐོས་ཤིང་མཐོང་ནས།
འདིར་ས་རྫ་གཞུང་གི་གེ་སར་རིག་གནས་ལས་སེང་ཨ་བསེའི་གཡུ་རྫོང་དང་འབྲེལ་བའི་སྐད་ཆ་འགའ་ཞིག་བཤད་པའི་ཁུར་བླངས་པ་ཡིན།
༢
དེ་ཡང་ལྡོང་གི་མ་ཡིག་ལུང་བསྟན་ངམ་(1)ཆག་ཆེན་སྲིད་པའི་མེ་ལོང་། ཨ་ཁུའི་པོ་ཏི་དམར་ཆུང་མ་ལས་འདི་སྐད་ཅེས་ཐོས་ཏེ།གཡུ་ནི་ཨ་བསེའི་ཁོག་ལ་ཡོད། །འཕྲོད་པ་གེ་སར་དཔོན་ལ་འཕྲོད། །མཁོ་བ་ནག་པོ་རྒྱ་ལ་མཁོ།ཞེས་སེང་ཨ་བསེའི་གཡུ་རྫོང་ཞེས་པ་ཞིག་ཡོད་ཅེས་ལྡོང་གི་མ་ཡིག་ལུང་བསྟན་དུ་ཡང་གསལ་བ་རེད།
འདི་ནི་གེ་སར་སྒྲུང་གི་རྩ་བའི་གལ་ཆེན་གྱི་དོན་དག་ཅིག་ཏུ་བཤད་ན་རུང་བ་ཞིག་སྟེ།གླིང་སྒྲུང་གི་ཁོངས་སུ་སེང་ཨ་བསེའི་གཡུ་རྫོང་ཟེར་བ་ཞིག་ཡོད་པའི་བདེན་དཔང་འདི་ཡིས་བྱེད་ཆོག་པ་དང་།རྩད་བཅད་ན་ཁུངས་ཤིག་དང་འབྲེལ་བའི་དཀར་འདོན་ཡང་འདི་ཡིས་བྱེད་ཐུབ་པའི་དགོས་པ་ཡོད་པ་དང་།ཨ་བསེའི་གཡུ་རྫོང་གནས་གང་ཞིག་ཏུ་ཡོད། ཡུལ་གང་ལ་མཁོ། ལེན་མཁན་ག་རེ་ཡིན་ངོས་བཟུང་བའི་རྩ་དོན་ཅན་གྱི་སྐད་ཆ་ཞིག་ཀྱང་ཡིན་ནོ།།
༣
ད་ནི་སེང་ཨ་བསེའི་གཡུ་རྫོང་ཞེས་པ་དེ་རྫོང་ཆེན་དང་།རྫོང་འབྲིང་།རྫོང་ཕྲན་སོགས་གང་གི་ཁོངས་སུ་གཏོགས་པ་རེད་ཅེ་ན་དེ་ལ་ཡང་བཤད་སྟངས་ནི་རྣམ་པ་གསུམ་སྟེ།
ས་གནས་རང་གིས་ནི་རྫོང་ཆེན་བཅོ་བརྒྱད་ཀྱི་ཁོངས་སུ་ཡོད་ཅེས་བཤད་པ་དང་།སྒྲུང་མཁན་བཀྲ་ཤིས་རྡོ་རྗེས་རྫོང་འབྲིང་བཅུ་དགུའི་གྲས་སུ་བཞག་མཛད་པ་དང་།རྫོགས་ཆེན་པདྨ་རིག་འཛིན་གྱིས་རྫོང་ཕྲན་ཆེ་བཞིའི་ནང་གི་གཅིག་རེད་ཅེས་གསུངས།
སྤྱིར་རྫོང་ཆེ་ཆུང་གི་ཚད་ནི་འདི་ཙམ་ཞིག་རེད་ཅེས་ཡིད་རྟོན་རུང་བའི་ཡིག་ཆ་དག་ལས་གསལ་ཁ་བྱས་ཏེ་བཤད་བཞག་པ་ཞིག་ད་ལྟའི་སྔོན་དུ་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་ཡང་།དངོས་པོའི་མང་ཉུང་དང་བེད་སྤྱོད་བྱེད་ཡུལ་གྱི་རྒྱ་ཁྱོན་ཆེ་ཆུང་ལ་ལྟོ་སྦྱར་ཏེ་བཤད་ན་ཆོག་པར་སྣང་བས་སེང་ཨ་བསེའི་གཡུ་རྫོང་འདི་ཡང་རྫོང་ཆེན་བཅོ་བརྒྱད་ཀྱི་གྲས་སུ་བཞག་ན་རུང་བར་སེམས་ཀྱང་དཔྱོད་ལྡན་ཚོས་བླང་འདོར་མཛད་ན་ཆོག་པས་རེ་ཞིག་གླེང་མ་གླེང་མི་འདུག
༤
ད་རེས་སྐབས་སུ་བབ་པའི་བཤད་བྱ་གཙོ་བོ་ནི་སེང་ཨ་བསེ་དང་སེང་ཨ་བསེའི་གཡུ་རྫོང་ཞེས་པ་དེ་ནི་ཡིག་རྙིང་གི་ནང་དུ་ཡོད་མེད་དང་།སྒྲུང་པ་གྲགས་ཅན་གྱིས་བཤད་མྱོང་མིན་ལས་གླེང་རྒྱུ་ནི་དོན་དག་གལ་ཆེན་ཞིག་ཏུ་མཐོང་དགོས།
དེ་ཡང་1798ལོར་འཁྲུངས་པའི་ཀརྨ་པ་ཐེག་མཆོག་རྡོ་རྗེའི་སློབ་མ་(2)གཤོ་ཐང་འདས་ལོག་འདན་མ་སངས་རྒྱས་ཀྱིས་གསུངས་པའི་《འདས་ལོག་དཀར་ཆག་ལས།》ཡུལ་ནི་སེང་ཡུལ་ངང་མ་ཞེས་བྱ་ནས། ཞེས་དང་།1893ལོར་འཁྲུངས་པའི་རྫོགས་ཆེན་རྒྱལ་བླའི་སྐུ་འཕྲེང་ལྔ་པ་ཐབས་མཁས་ཆོས་ཀྱི་ཉི་མས་མཛད་པའི་《འཛམ་གླིང་གེ་སར་རྒྱལ་པོའི་རྣམ་ཐར་མདའ་སྒྲུང་གི་ཚུལ་དུ་བཀོད་པ་ངོ་མཚར་རྣ་བའི་བུ་རམ་ཚངས་སྲས་བཞད་པའི་སྒྲ་དབྱངས་》ལས། སྐྱེས་པ་སེང་གཞུང་ངང་མར་སྐྱེས། ཞེས་ས་ཆ་འདི་ལ་གནའ་དུས་སུ་སེང་གཞུང་དུ་འབོད་ཚུལ་གསུངས་པ་ལ་བལྟས་ན་སེང་ཨ་བསེ་དང་སེང་སྟག་གཉིས་ཀའི་ཡུལ་ཡིན་པས་དེ་ལྟར་དུ་ཐོགས་པ་དང་།
སྤྱི་ལུགས་1625ལོར་འཁྲུངས་ཤིང་རྒྱལ་དབང་སྐུ་འཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་དང་དུས་མཉམ་པའི་(3)རྫོགས་ཆེན་པདྨ་རིག་འཛིན་གྱིས་མཛད་པའི་《སྟག་གླིང་དཔའ་བོའི་གཡུལ་འགྱེད་གཞན་ལ་མེད་པའི་ནོར་འགྱེད་》ཅེས་པ་ལས།བྱང་ཞང་ཞུང་མུ་ཏིག་རྫོང་དང་གཅིག །ཁ་ཆེའི་གཡུ་རྫོང་དེ་དང་གཉིས། །སྦེ་ར་ལུག་རྫོང་དེ་དང་གསུམ། །ཨ་བསེའི་ཁྲོ་རྫོང་དེ་དང་བཞི།།དེ་བོད་ཀྱི་རྫོང་ཕྲན་ཆེ་བཞི་རེད། ཅེས་གསུངས་ཡོད།
འདི་ནས་ཨ་བསེའི་གཡུ་རྫོང་དང་ཨ་བསེའི་ཁྲོ་རྫོང་གཉིས་ཁ་ཁ་ཡིན་པས་གཡུ་རྫོང་ཡིན་པའི་ཁུངས་སུ་མི་འགྲོ་སྙམ་ན་དེ་ནི་མ་ཡིན་ཏེ།ནོར་འགྱེད་ཀྱི་སྒྲུང་དཔེ་ཁག་ཏུ་ཨ་བསེའི་ཁྲོ་རྫོང་དང་ཨ་བསེའི་ཁྲབ་རྫོང་ཞེས་ཅི་རིགས་སུ་བྲིས་པ་འདི་ཡང་དོན་དུ་གཡུ་རྫོང་དང་གཉིས་སུ་མེད་པའི་ཚུལ་ནི་འདི་ལྟར་ཏེ།སེང་ཨ་བསེའི་གཡུ་རྫོང་ཕབ་པའི་སྐབས་སུ་གཡུ་རལ་ཕོ་འདོམས་བཅོ་བརྒྱད།གཡུ་སྒོང་ནོར་བུ་འོད་ལྡན།གཡུ་ཁྲབ་རྡོ་རྗེའི་རྫོང་བཙན་སོགས་ཡོད་པས་ཁྲབ་རྫོང་རེད་ཅེས་བཤད་ན་ཡང་ཆོག་པ་དང་།
ད་དུང་ཁྲོ་རྫོང་རེད་ཅེས་བཤད་ན་དེ་ལས་ཀྱང་འོས་ཤིང་འཚམས་པ་ཞིག་ཡིན་ཏེ།རྒྱ་གླིང་དུ་འཁོད་པའི་བློན་འདན་མ་སེང་ཨ་བསེའི་གྲམ་མཁར་སྐྱ་མོའི་ནང་དུ་ཕེབས་པའི་སྐོར་ལས།ཁྲོ་ཡི་རྫ་མ་ས་ལ་བརྡབས། སྣོད་ཡར་བཟེད་ཐམས་ཅད་བཅག། ཅེས་གསུངས་ཡོད་པས་ཁྲོ་དང་འབྲེལ་བའི་གསལ་བཤད་དེ་ཡིས་བྱེད་ཆོག་པ་དང་།
ད་ལྟའི་དུས་སུ་ཡང་ས་ཆ་དེ་ནས་ས་རྐོ་ཡོང་དུས་ཁྲོ་དང་རྫ་མ་ཆག་སོང་བའི་གནའ་རྫས་མང་ཙམ་ཞིག་ཐོན་འདུག་པ་དེ་ཀས་ཆོག་པ་ཞིག་རེད།
༥
ནག་ཆུའི་བབ་སྒྲུང་གྲགས་ཅན་སྒྲུང་མཁན་(3)གྲགས་པས་བཤད་པའི་《ལྷ་གླིང་གབ་ཙེ་དགུ་སྐོར་》ལས། དེ་ནས་ཨ་ཁུ་ཁྲོ་ཐུང་རྒྱལ་པོའི་ཤག་པོ།ཨ་བསེ་གཡུ་རལ་རྒྱལ་པོས་བསམ་པ་ལ། ཞེས་ཨ་བསེ་དང་ཨ་ཁུ་ཁྲོ་ཐུང་གཉིས་ཤག་པོ་ཡིན་པ་རྒྱ་གླིང་ལྟར་དུ་གསུངས་པ་འདིས་ཀྱང་ཨ་བསེ་དང་ཁྲོ་ཐུང་གཉིས་ཀྱི་འབྲེལ་བ་དང་།ཨ་བསེ་དང་ཁྲོ་ཐུང་གཉིས་ནང་མཐུན་བྱས་ཏེ་རྒྱ་དང་གླིང་གཉིས་གཡུལ་བཀྱེས་ཚུལ་གྱིས་ཨ་བསེ་དང་རྒྱ་གླིང་བར་གྱི་འབྲེལ་བ་དེ་ཡང་ཤེས་ཐུབ་པ་རེད།
རྒྱ་གླིང་དུ་ཡང་ཨ་ཁུ་ཁྲོ་ཐུང་གིས།ཨ་བསེ་གཡུ་རལ་རྒྱལ་པོ་དང་ངེད་གཉིས་འཕྲད། ཨ་བསེས་ཤག་པོ་མནའ་ཟན་ཁྱོད་ངའི་ཡུལ་དུ་ཅི་ལ་འོང་ཟེར་ནས་འཐབ་བྱུང་།ཞེས་གྲགས་པས་བཤད་པ་དང་གཉིས་སུ་མེད་པར་ཁྲོ་ཐུང་དང་ཨ་བསེ་གཉིས་ཤག་པོ་ཡིན་པར་བཤད་ཡོད།
ངས་འདི་ནས་སེང་ཨ་བསེ་དང་ཁྲོ་ཐུང་གཉིས་ཤག་པོ་ཡིན་མིན་ལས་གསལ་བཤད་བྱེད་འདོད་པ་མ་ཡིན་པར་《རྒྱ་གླིང་》དང་《ལྷ་གླིང་》གཉིས་ཀར་བཤད་པའི་སེང་ཨ་བསེ་ཞེས་པ་དེ་གཅིག་ལས་གཉིས་སུ་མི་འདུག་ཅེས་ཞུ་འདོད་པ་དེ་ཡིན།
༦
ཕ་ཡུལ་ཁམས་གོ་འཇོ་དང་བྲག་གཡབ་གང་རུང་ནས་ཡིན་པའི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ་བའི་དཔྱི་དམ་ཨ་ཇོས་གསུངས་པའི་《རྒྱ་གླིང་》དུ་སེང་ཨ་བསེ་དང་སེང་ཨ་བསེའི་གཡུ་རྫོང་གི་སྐོར་ནི་ཧ་ཅང་མང་ཞིང་།སེང་ཨ་བསེ་ཞེས་པ་དེ་ཁྲ་མོ་གླིང་དཀར་སྟོད་ཀྱི་ཤར་ལྷོ་ནུབ་བྱང་གང་དུ་ཡོད་པར་ངོས་བཟུང་བ།གླིང་ཡུལ་ནས་སེང་ཨ་བསེའི་ས་ཆ་ལ་ཚུགས་མ་དུ་ཡོད་པར་གཏན་ལ་ཕབ་པ།སེང་ཨ་བསེ་གནས་སའི་ཡུལ་གྱི་བཀོད་པ་སོགས་ཆ་ཚང་བསྟན་ཡོད་པའི་སྒྲུང་རྙིང་ཞིག་རེད།
དེ་ཡང་རྒྱ་གླིང་ལས།བྱང་གླིང་གཉིས་ཀྱི་ས་མཚམས་ན།། ཚུགས་མ་བདུན་གྱི་ས་མཚམས་ན།།རི་དམར་པོ་དམར་གཏོར་འདྲ་བ་ཡོད།། སེང་ཨ་བསེ་གནས་པའི་བླ་རི་ཡིན། གསུངས་ཤིང་།སེང་ཨ་བསེ་ནི་རྨ་ཡུལ་གླིང་གི་བྱང་ཕྱོགས་ཚུགས་མ་བདུན་གྱི་མཚམས། རི་དམར་གཏོར་འདྲ་བ་ཞིག་གི་ཉེ་ས་རུ་ཡོད་པར་བཤད་པ་ཡང་དོན་ལ་གནས་པ་ཞིག་སྟེ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་གི་ཕྱོགས་མཚོ་འཕགས་3896མཚམས་སུ་ཡོད་པའི་ཨ་བསེའི་(4)གྲམ་མཁར་སྐྱ་མོ་ནི་རྫ་སྟོད་རྫོང་མཁར་ནས་གཡུ་ཁྱིམ་མཚོ་ལ་བརྒྱབ་སྟེ་སོང་ན་སྤྱི་ལེ་60རླུང་ལྡིང་ལ་བརྒྱབ་སྟེ་སོང་ན་སྤྱི་ལེ་79རྫ་ཉིན་ནས་སོང་ན་སྤྱི་ལེ་76མཚམས་སུ་ཡོད།
མགོ་ལོག་ནས་སེང་ཨ་བསེའི་ས་ཆ་ལ་ཚུགས་མ་བདུན་ཙམ་འགྲོ་དགོས་པའི་ཁུངས་ནི་《སྟག་གླིང་གཡུལ་འགྱེད་》དུ་གླིང་དང་སྟག་གཟིག་གི་བར་ལ་ཞག་མ་བདུན་དང་བརྒྱད་སོགས་ཅི་རིགས་ཤིག་གསུངས་པ་འདིས་མཚོན་ནུས་པ་དང་།
གནམ་སྲས་རེ་ཁྱིམ་དུ་ཡོད་པའི་གནས་དཔོན་སྐུ་ལྷ་འབར་བའི་དབྱིབས་དང་ཁ་མདོག་བཅས་གསལ་བར་གསུངས་པ་འདིས་ཧ་གོ་ཐུབ་པ་རེད།
ད་དུང་རྒྱ་གླིང་ལས།ཐང་ཡངས་པོ་དཀྱིལ་འཁོར་འདྲ་བའི་ནང་ན། རི་དམར་པོ་ཁྲག་གཏོར་འདྲ་བ།རི་སྐེད་ལ་འབྲོང་ནག་པོས་རྔ་བྲབ་བྱས་འདྲ། རི་མཐའ་ཆུ་ཆེན་དར་ནག་ཕྱར་འདྲ། ཞེས་རི་དང་ཐང་གི་དབྱིབས།ནགས་ཚལ་དང་ཆུ་བོ་སོགས་ཆ་ཚང་འཁོད་པ་འདི་ལས་ལྷག་པའི་གསལ་བཤད་ཅིག་ནི་ཧ་ཅང་དཀོན་པ་དང་།
ད་དུང་དེ་ལས། དུག་ཆུ་དང་། དུག་རྩྭ།དུག་ཤིང་སོགས་མང་པོ་ཡོད། ཅེས་གསལ་བས་སེང་ཨ་བསེ་ཡོད་ས་དེ་ཡང་བྱང་ས་མ་ཡིན་པར་རོང་ས་ཞིག་ཡིན་པར་ར་སྤྲད་ནས་ཡོད་དོ།།
༧
རྒྱ་གླིང་གི་ནང་དུ་ཡོད་པའི་ས་ཆའི་མིང་ད་དུང་མ་འགྱུར་བ་ཡོད་པ་ནི་རྒྱ་གླིང་ལས།དེ་ནས་གྲམ་སྐྱ་མདོ་ལ་ཕྱིན་ནས་ལྐོག་ཉན་བྱས་ཚུལ་སོགས། ཞེས་གྲམ་སྐྱ་མདོ་འམ་ཤང་རྫ་སུམ་སྣའི་མིང་གསལ་པོར་འཁོད་པ་དང་།
སེང་ཨ་བསེས་བླངས་པའི་གླུ་ལས།གྲམ་མཁར་སྐྱ་མོའི་ནད་ཤེད་ནས།། ཕ་ལ་སྲིན་རྒོད་རལ་བ་ཟེར།། མ་ལ་སྲིན་བཟའ་ཨ་སྐྱིད་ཟེར།ཞེས་སེང་ཨ་བསེའི་མཁར་ཤུལ་གྱི་མིང་ནས་དག་པར་སྨྲས་པ་དང་། ཕ་བོང་རྟེན་སྒམ་འདྲ་བ་ཞིག་གི་ཐོག་ཏུ་རྩྭ་འཇག་མའི་ཆུན་པོ་འགའ་ཡོད་པས།ཞེས་དབྱིབས་རྟེན་སྒམ་དང་མཚུངས་ཤིང་རྩྭ་འཇག་མ་སྐྱེས་པའི་ཤུལ་ད་དུང་ཡོད་པའི་སེང་ཨ་བསེའི་བླ་རྡོ་གཡས་མ་དང་།
སེང་ཨ་བསེའི་བྱེ་ཐང་གོང་འོག་བར་གསུམ་ལས་མིང་མ་འགྱུར་བར་གནས་པ་ནི་བྱེ་ཐང་འོག་མ་(5)ཨ་ཐང་ངམ་ཨ་བསེའི་བྱེ་ཐང་དུ་གྲགས་པ་དེ་དང་།བློན་འདན་མས་སོ་བརྒྱབ་སའི་རི་ལ་འདན་མའི་རག་སྤམ་དང་། འདན་མ་(6)བྲིང་ལས་བུད་ས་ལ་འདན་གུར་བྱིའུ་དང་།ཨ་རའི་བྲག་(7)དང་རྟ་རའི་ཁུག་(8)ཅེས་པ་སོགས་ཧ་ཅང་མང་བ་རེད།
ད་དུང་སེང་ཨ་བསེ་དང་འབྲེལ་ཡོད་ཀྱི་མི་སྣ་དག་ལས་སྡེ་བ་སྒྲོ་རྒོད་མདའ་བཙན་གྱི་མཁར་ཤུལ་ནི་གནམ་སྲས་ཕྱི་རུག་གི་རྫོང་འགག་ཅེས་པའི་ས་ཆ་དེར་ཡོད་པ་དང་།
སྲིན་རྒོད་ཁེ་ཚེ་རལ་བའི་གནའ་ཤུལ་ནི་ཕྱི་རུག་ཡུལ་ཚོའི་ཤེས་ཡོན་གྲོང་སྡེའི་གཡམ་གཞུང་དུ་ཡོད་པ་དང་།
ཨ་མྱེ་གུང་རྒྱལ་གྱི་སྒྲུབ་ཕུག་ནི་གནམ་སྲས་རེ་ཁྱིམ་གྱི་ས་ཆ་གནས་དཔོན་སྐུ་ལྷ་འབར་བའི་རི་སྐེད་དུ་ཡོད་པ་སོགས་ཀྱིས་མཚོན་ནུས་སོ།།
༨
གཞན་ཡང་གནམ་སྲས་གནས་མདོའི་ས་ཆ་རུ་ཡོད་པའི་ཁྲོ་ཐུང་གི་གྲི་དང་སྔགས་རྭ་ཡིན་ཟེར་བའི་བྲག་རང་བྱུང་དང་།ཁྲོ་ཐུང་གིས་གཡུ་སྐལ་གཏོར་ས་དང་ཁྲོ་ཐུང་གིས་སོ་རྒྱག་ས།སེང་ཨ་བསེ་ཤ་བ་ལ་སྤྲུལ་པའི་རྗེས་དང་གླིང་དམག་ཆུ་ཡི་ནང་དུ་ལྷུང་ས།
གནམ་སྲས་རེ་ཁྱིམ་གྱི་ས་རུ་ཡོད་པའི་བྱེ་ཐང་གོང་འོག་བར་གསུམ་དང་།རྟ་ར་གོང་འོག་བར་གསུམ། སེང་ཨ་བསེའི་བྲག་མཁར་རྫོང་དྲུགསེང་ཨ་བསེའི་ཀླད་ཁྲག་གིས་བྲིས་པ་རེད་ཅེས་པའི་མ་ཎི་རང་བྱོན་དང་།སེང་ཨ་བསེ་སྦལ་པ་རུ་གྱུར་པའི་རྡོ་དང་རི་རང་བྱོན།ཨ་བསེ་དང་ཁྲོ་ཐུང་གཉིས་ཀྱིས་རྫུ་འཕྲུལ་འགྲན་རེས་བྱས་པའི་ཤུལ་དུ་ཡོད་པའི་སྦྲུལ་གྱི་གཟུགས་དང་མེ་འབར་བའི་རྗེས།ཁྲོ་ཐུང་གིས་ཨ་བསེའི་བླ་གནས་ལེན་ས།རྫ་ཆུའི་ནང་དུ་ཡོད་པའི་སེང་ཨ་བསེ་དང་ཁྲོ་ཐུང་གཉིས་ཀྱིས་སྤྲུལ་པ་བྱས་རེས་སུ་གྲགས་པའི་ཕ་བོང་ལས་གྲུབ་པའི་ཉ་དང་སྦལ་པ།ཤྭ་དང་ཤྭ་ཁྱི་སོགས་སུ་བཤད་རྒྱུ་ཡོད་པ་དག་ནི་གཞན་ལས་ཤེས་པར་བྱོས་ཤིག་ཅེས་ཐལ་ལོ།། །།
མཆན། (1)ཆག་ཆེན་དང་ཆགས་ཆེན་ཞེས་ཅི་རིགས་ཤིག་བྲིས་འདུག་པས་ཆ་འཇོག་གི་ཚིག་སྡུད་ཡིན་ན་ཆག་ཅེས་བྲིས་ན་བཟང་བར་མཐོང་ཡང་གང་ཡིན་དཔྱད་དགོས།
(2)གཤོ་ཐང་འདས་ལོག་འདན་མ་སངས་རྒྱས་ནི་དགེ་རྒྱལ་ནག་ཚང་གི་མི་ཡིན།
རྫོགས་ཆེན་པདྨ་རིག་འཛིན་ནི་ཁམས་རི་བོ་ཆེའི་ཕྱོགས་སུ་སྐུ་འཁྲུངས་ཤིང་མཁས་གྲུབ་ཀརྨ་ཆགས་མེད་སོགས་ཀྱི་སློབ་མ་ཡིན།
(3)བོད་ལྗོངས་སློབ་ཆེན་གེ་སར་ཞིབ་འཇུག་ཁང་ནས་བསྒྲིགས་ཤིང་གྲགས་པས་བཤད་པའི་སྒྲུང་།
(4)གྲམ་མཁར་སྐྱ་མོ་ནི་ཤང་རྫ་གཉིས་ཀྱི་བར་དུ་ཡོད།
(5)ཁ་སྐད་ལ་ཨ་ཧྲོན།
(6)བྲིང་ནི་ཆུའི་སྟེང་ནས་འཕངས་པའི་ལྕགས་དང་ཐག་པ་སོགས་ཀྱི་ཟམ། མིང་ལ་(བྱེད་ཐག་ཟམ་)དང་(བྱིའུ།)(བྱེས་)སོགས་ཅི་རིགས་ཀྱིས་བྲིས་འདུག
(7)ཨ་བསེའི་རྟ་རའི་བྲག སེང་ཨ་བསེའི་རྟ་ར་འོག་མ།
(8)ཨ་བསེའི་རྟ་རའི་ཁུག སེང་ཨ་བསེའི་རྟ་ར་གོང་མ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注