གླིང་སྒྲུང་ལས་མི་སྣ་ཞིབ་བྲིས་རྒྱུ་རྩལ།
ཞུ་ཆུང་གིས་རྩོམ་སྒྲིག་བྱས།
གེ་སར།
འཛམ་གླིང་སྤྱི་བསང་ལས། ཕོ་བྲང་བདེ་ཡངས་འཁྱིལ་པའི་གཟིམ་ཁང་ཉམས་དགའ་བ་ན། མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་རིན་པོ་ཆེའི་སྟེང་དུ། གོས་དར་ཟབ་དང་སྟག་གཟིག་གི་པགས་པ་ཕྲུག་དར་གོས་ཟ་འོག་གི་འབོལ་རིམ་པར་བརྩེགས་པའི་གདན་གྱི་སྟེང་ན། སྟེང་དག་པ་ལྷ་ནས་བབས་པའི་ལྷ་ཚངས་པ་དཀར་པོའི་ཐུགས་སྲས། བར་ཆེ་བཙན་གཉན་ནས་བསྐོས་པའི། ། གཉན་གེར་མཛོད་ཆེན་པོའི་མཆེད་ཟླ། འོག་མ་དྲོས་ཀླུ་ལས་ཆད་པའི་ཀླུ་མི་མགོན་དཀར་པོའི་ཚ་བོ། དཀར་ཕྱོགས་སངས་རྒྱས་ཀྱི་བསྟན་འཛིན་ནག་ཕྱོགས་ཧོར་བདུད་སོགས་ཀྱི་ཁ་གནོན། །འཕསག་པ་རིགས་གསུམ་མགོན་པོ་དང་། །དཔལ་ཨོ་རྒྱན་ཆེན་པོའི་འཕྲིན་ལས་ཀྱི་སྤྲུལ་པ། །གླིང་སྐྱེས་མཆོག་སེང་ཆེན་དོན་འགྲུབ་དེ་ནི་མི་དམར་སྨུག་མཆོང་གི་ཁ་དོག་ཅན། དཀར་པོ་དུང་གི་སོ་སྒོ་ཅན། །མཚན་དཔེའི་སྤྲོས་པའི་སྐུ་ལུས་ཅན། །ཚེམས་ལ་ལྷ་སྐུ་རང་བྱོན། །དབུ་རལ་པའི་རང་རྒྱབ་ཁེབས་པ། །ཞལ་མཛེས་པའི་འཛུམ་མདངས་ཡ་ལེ། །དཔའ་དགྲ་ལྷའི་འོད་མདངས་འཁྱུགས་སེ། །སྐུ་སྣང་ལྷ་ཡི་དཀྱིལ་འཁོར། གསུང་གྲགས་སྟོང་ཚངས་པའི་སྔགས་སྒྲ། །ཐུགས་བདེ་སྟོང་ཡེ་ཤེས་ངོ་བོ། །ལྷ་ཡི་དམ་གྱི་ཐུགས་དང་དབྱེར་མེད། །ཐུགས་སྟོང་ཉིད་སྙིང་རྗེ་ཟུང་འཇུག། སྐུ་ལ་ཟ་འོག་དམར་སྨུག་གི་ན་བཟའ་ཤིང་ལོ་དང་ནོར་བུའི་རི་མོ་བཀྲ་བ། ཆུ་དར་སྔོན་སྤྲིན་གྱི་མདངས་རིས་ཅན་གྱི་སྟོད་གཡོག །དམར་ནག་དབང་མདོག་གི་
ཕོད་ཀ། སེར་པོ་གསེར་མདོག་གི་སྐུ་ཆིངས། །དར་དཀར་མཛེས་པའི་འགྱིང་ཐོད། །ཁྱད་པར་དུ་མགུལ་རྒྱན་ནོར་བུའི་འོད་འབར། ཆོས་གོས་རྨ་བྱ་བསྣོལ་འཛིན། །གསང་གོས་དགྲ་བླའི་བེར་སྨུག །ནང་གོས་སྟོང་སྡེ་འཇིགས་མེད། །སྟོད་ཁེབས་གཡུང་དྲུང་ནོར་བུ། །སྨད་གོས་གབ་རྩེ་ཕྱུག་མོ། སག་ལྷམ་སྡེ་བརྒྱད་ཟིལ་གནོན། །ལུང་སྐུའི་ཆས་བརྒྱད་ཀྱིས་སྤྲས་ཞིང་། །འགྱེང་བག་བེར་ཆེན་ལྷུབས་སེ། །བརྗིད་ཆགས་སྐུ་མདངས་ལྷམ་མེར་བཞུགས་པོ། །
འབྲུག་མོ།
འཛམ་གླིང་སྤྱི་བསང་ལས། །ལྷ་རྗེ་བཙུན་སྒྲོལ་མའི་སྤྲུལ་པ། །ཕྱུག་སྐྱ་ལོ་སྟོན་པ་རྒྱལ་མཚན་གྱི་སྲས་མོ། །སྒ་རྗེ་སེང་ལྕམ་འབྲུག་མོ། །ཤ་མདོག་དཀར་ལ་འགྱུར་མེད། །གངས་ལ་ཟླ་འོད་ཤར་འདྲ། །མཁུར་ཚོས་དམར་ལ་ལོག་མེད། །བྱུ་རུ་ལ་མཚལ་ཐམབརྒྱབ་འདྲ། །ཤ་རྒྱས་ནུ་མའི་མྱོས་བུམ། །རབ་ཡངས་བྲང་གི་ངོས་ན། །བྱ་ངང་བས་པད་མཚོ་གཤགས་འདྲ། །ཁྲ་བོ་གཟི་ཡི་སྤྱན་མིག །དབུ་སྐྲ་ལོ་བྱེ་བ་ས་ཡ། །གནག་སྣུམ་སྟོང་སྐུད་བཤིབས་འདྲ། །གོས་
ལྭ་རིང་ལྭ་ཐུང་བཅོ་བརྒྱད། །ལྭ་མ་ཐུང་དང་བཅུ་དགུ། །སྲམ་ཐུལ་དཀར་ཁྲ་དགུ་བརྩེགས། ། ལྭ་ཆེན་སྣང་བ་མཛེས་ལྡན། །མཐིང་གོས་དགའ་ཁྱིལ་ཉི་མ། །ནང་གོས་དབྱར་རྔ་ཁ་སྤྲོད། །གོས་ཆེན་པད་མ་ཁྱུང་གཤོག །ནོར་བུ་
དགོས་འདོད་ཀྱི་རྒྱན་དྲུག །གསེར་དངུལ་གཟི་ཆུང་གི་དྲ་བ། །བྱུ་རུ་སྤོས་ཤེལ་གྱི་དྲ་བ། ལྷམ་ཆུང་སག་ལྷམ་བཀྲ་ཡག །ལྷམ་སྒྲོག་འཇའ་འོད་རང་ཤར་ལ་སོགས་པའི་གོས་དར་རྒྱན་ཆ་ཚད་མེད་པས་སྐུ་ལུས་སྤྲོས་ཤིང་། །རྒྱལ་པོ་སེང་ཆེན་རིན་པོ་ཆེའི་མདུན་ཁྲིའི་གཡོན་ཟུར་ནས། །གསེར་དེམ་བཀྲ་ཤིས་དགེ་མཚན། །རྟགས་བརྒྱད་པདྨ་འདབ་སྟོང་གི་ནང་དུ། །རྒྱ་ཇ་ཡུངས་དམར་གྱི་དྭངས་གླིང་སྒྲུང་ཤེས་བྱརྣམས་ཀྱི་ནང་དུ། །རྒྱ་གར་ཡུལ་གྱི་འབྲས་ཆང་། །བོད་ཀྱི་ཡུལ་གྱི་ནས་ཆང་། །བལ་བོའི་ཡུལ་གྱི་རྒན་འབྲུམ་ཆང་དྲངས་སོ། །རྟ་རྒྱུག་ནོར་བུ་ཆ་བདུན་ལས། ལུས་ནི་མཉེན་ལྕག་སྨྱུག་མ་འདྲ་བ། །གདོང་པ་དཀར་བ་ཟླ་བ་འཆར་འདྲ། །མཁུར་ཚོས་དམར་བ་ལི་ཁྲི་བྱུག་འདྲ། །རིང་ཐུང་འཚམས་པས་ལྟ་ན་སྡུག་པ། །དབུ་སྐྲ་གནག་སྣུམ་སྐུ་རྒྱབ་ཁེབས་པ། །སྤྱན་དཀྱུས་རིང་ཞིང་སྤྱན་འབྲས་གསལ་བ། །ཚེམས་ཐག་བཟང་ཞིང་ཚེམས་མདོག་དཀར་བ། །ཤ་རྩ་འཇམ་ཞིང་དྲོ་གྲང་འཚམས་པ། །མཆི་ལ་པདྨའི་རི་མོ་བཀྲ་བ། །ལྗགས་སྟེང་ཨྰཿཡིག་དཀར་པོས་བརྒྱན་པ་གསུང་སྐད་སྙན་ཞིང་སྨྲ་བརྗོད་མཁས་པ། །ཅི་བསམ་ཀྱང་སྐྱོན་དང་བྲལ་བ། །གང་དུ་བལྟས་ཀྱང་ཡིད་དུ་ཡོང་བ། །གཡས་སྐྲ་གཡས་སུ་ཤད། །གཡོན་སྐྲ་གཡོན་དུ་ཤད། །རྩེ་ལུ་ཁྱུང་གཤོག་བརྒྱང་འདྲ། སྐྲ་ལེབ་ཆེན་མི་འཕར་འཕར་ནོན་ལ། སྤོས་ཤེལ་འཛམ་གླིང་གཡས་བཞག །ལེན་ཆུང་མི་འཕར་འཕར་ནོན་ལ། །གཡུ་བྱུ་རུའི་ལན་ཚར་རང་མོ་བཏགས། །ཁྲོ་བོའི་གཟི་ཞགས་རིང་མོ་ལ། །དམར་པོ་བྱུ་རུའི་བརྒྱན་ཆ་སྤྲས། སྔོན་པོ་གཡུ་ཡི་འཕྲེང་བ་ལ། །པདྨ་ར་གའི་གའུ། ཨི་ནི་ལའི་གདུ་བུ། །གསེར་འགུ་ཉི་མ་རང་ཤར། །སྲམ་ཐུལ་རྨེ་བ་དགུ་བརྩེགས། །དར་ལྷམ་འཇའ་རིས་སུམ་བརྩེགས་སོགས། །སྟག་གཟིག་ནོར་རྫོང་ལས། སྐྲ་ལོ་ཕོ་རོག་ཟར་ཆུ་འདྲ། །མགུལ་པ་དངུལ་གྱི་བུམ་པ་འདྲ། །མཛེས་སྡུག་ཧ་ལོའི་མེ་ཏོག་འདྲ། །མཁུར་ཚོས་མཚལ་གྱིས་བྲིས་པ་འདྲ། །ཚེམས་དཀར་དུང་འཕྲེང་སྒྲིག་པ་འདྲ། །སྐེད་པ་རྦ་དཀར་ལྟེམས་པ་
འདྲ། །གསུང་སྙན་ཁུ་བྱུག་གྲགས་པ་འདྲ། །སྤྱན་མིག་སྐར་ཆེན་ཤར་བ་འདྲ། །ཕ་གླིང་རྟ་རྒྱལ་བྱུང་བའི་ལོ་རྒྱུས་ལས། གོས་བཀྲིས་ལྷ་ཡི་རྒྱན་ཆེན། ཕར་བརྐྱང་ན་གླིང་དཀར་སྡེ་བ་ཁེབས། །ཚུལ་གྱོན་ལ་འབྲུག་མོའི་ལུས་ལ་མཛེས། །སྐྲ་སྔོན་གླིང་སྒྲུང་ཤེས་བྱ།སྐྲ་རྨ་བྱ་འཛེམ་ཡག་ལ། །བྱུ་རུའི་མི་རྒོད་དཔུང་པ་བཏགས། །གཡས་སྐྲ་ཐང་
དཀར་འཕུར་སྒྲོ་ལ། །ཐ་ན་རྒྱ་ནག་རིལ་བུ་བཏགས། །གཡོན་སྒྲ་ཁུ་བྱུག་གཤོག་སྒྲོ་ལ། །གཡུ་མུ་མིན་ནམ་མཁའ་མཐོང་ཁང་བཏགས། །རྒྱབ་སྐྲ་ངང་དཀར་འཛུམ་ཤུལ་ལ། །དུང་གི་ཚོམ་བུ་ལྔ་བསྒྲིག་བཏགས། །དབུ་རེགས་རྒྱལ་བ་རིགས་ལྔ་ལ། རྒྱལ་བ་རིགས་ལྔའི་དབུ་བརྒྱན་བསྐྱོན། །བར་མཚམས་རྒྱན་གྱི་རི་མོ་ལ།སྤོས་ཤེལ་གསེར་མར་ཁ་དོག་བཏགས། ལན་ཆེན་གཡུ་དང་བྱུ་རུས་བརྒྱན། །ལན་ཆུང་མི་ཏིག་ཐ་ནས་བརྒྱན། ཞེས་སོ། །
རྒྱ་ཚ།
གནམ་གླིང་ལུག་རྫོང་ལས། རུ་འདྲེན་གཉིས་པ་རྔམ་ཆེན་དགྲ་ལྷའི་རྒྱལ་པོ་སྐུ་ལ་དུང་ཁྲབ་དཀར་པོ་ལ་ཚེ་བདུད་ཁ་དོག་ལྔ་ལྡན་བཏགས། །རྨོག་དཀར་བཀྲ་ཤིས་རྩེ་གསུམ་ལ་དར་འཕྲུ་རྒྱལ་མཚན་དགུང་ལ་མཉམ། ཐོབ་ཆེན་རྨ་བྱའི་སྒྲོ་མདངས་བརྒྱན། གཞུ་རྒོད་རིན་ཆེན་བཀྲག་མདངས་ལྡན། མདའ་རྒོད་དར་མ་དྲུག་ཅུ། སྣོན་པོ་ཡ་ཟི་སྐར་ཕྲན། ཕུབ་མོ་འཇིག་མེད་ཤུགས་ཆེན། མདུང་མོ་གཟའ་རྒོད་རང་འཁོར། །ཞགས་པ་ལྷ་འཛིན་དཀར་མོ་བཅས་དཔའ་ཆས་མ་ལུས་པ་སྐུ་ལ་རྫོགས་ཏེ། བྱ་རྟ་ཁྱུང་གཤོག་སྔོན་མོ་ལ། །གསེར་སྒ་བཀྲིས་དབང་རྒྱལ། བལ་སྟན་གཡུ་འབྲུག་ཁ་རྒྱན། །ཡོབ་ཆེན་ངན་སོང་ཟིལ་གནོན། །ཡོབ་རྒྱུན་གླང་ཆེན་ཐག་པ། གོང་རྨེད་ཆུ་སྦྲུལ་པགས་པ་སོགས་བཀྲ་ཤིས་པའི་རྒྱན་དྲུག་སྤྲས་པའི་གོང་དུ་ཁྲ་འཚུབས་སེ་ཐོན་ནས་བྱོན་པ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注