སྦྲུམ་བུས་ཤུལ་ནོར་རྒྱུན་འཛིན་བྱེད་ཆོག་གམ།


གྱོད་དཔེ།

ཀླུ་འབུམ་དང་ལྷ་སྐྱིད་གཉིས་དགའ་རོགས་སུ་གྱུར་ནས་ལོ་ངོ་མང་པོ་འགོར་ཞིང་རྗེས་སུ་བདེ་བླག་ངང་གཉེན་སྒྲིག་ཐོ་འགོད་བྱས། ལོ་འགའ་འགོར་རྗེས། ལྷ་སྐྱིད་ལ་མངལ་ཆགས་པ་དང་། མོའི་ཁྱོ་ག་ཀླུ་འབུམ་འགྲིམ་འགྲུལ་དོན་རྐྱེན་ཞིག་གི་ཁྲོད་དུ་སྟབས་མ་ལེགས་པར་ཚེ་ལས་འདས། ཀླུ་འབུམ་གྱིས་ཤུལ་བཞག་རྒྱུ་ནོར་མི་ཉུང་བ་ཞིག་བསྐྱུར་ཡོད་ཀྱང་ཚེ་ཐོག་ཏུ་ཁ་ཆེམས་ཅི་ཡང་བཞག་མེད་པས། ཀླུ་འབུམ་གྱི་ཤུལ་ནོར་བགོ་བཤའ་རྒྱག་སྐབས། ལྷ་སྐྱིད་དང་ཀླུ་འབུམ་གྱི་ཕ་མའི་བར་དུ་རྩོད་གླེང་བྱུང་། དོན་དམ་དུ་ལྷ་སྐྱིད་ཀྱི་སྦྲུམ་བུ་དེ་ལ་ཤུལ་ནོར་བགོ་དགོས་སམ།


གྱོད་དོན་དབྱེ་ཞིབ།

གྱོད་དོན་འདིའི་རྩོད་གཞི་ནི་སྦྲུམ་བུ་ལ་ཤུལ་འཛིན་གྱི་དབང་ཆ་ལོངས་སུ་སྤྱོད་དབང་ཡོད་མེད་ལ་ཐུག་ཡོད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། ཤུལ་ནོར་རྒྱུན་འཛིན་དང་སྦྱིན་པ། ཡང་ན་དང་ལེན་བྱེད་པ་སོགས་སྦྲུམ་བུའི་ཁེ་ཕན་སྲུང་སྐྱོབ་དང་འབྲེལ་བའི་བྱ་བར་འཕྲད་སྐབས། སྦྲུམ་བུ་དེར་དམངས་དོན་དབང་ཆའི་ནུས་པ་ཡོད་པར་བརྩི་བ་ཡིན། དེ་ལྟ་ན། གྱོད་དོན་འདིའི་ཁྲོད། སྦྲུམ་བུ་དེ་ནི་ཤུལ་འཛིན་མཁན་གྱི་གྲས་ཡིན་པས། ཤུལ་ནོར་བགོ་བཤའ་རྒྱག་སྐབས་དེའི་ཁྲོད་དུ་ཞུགས་ཆོག ཡིན་ཡང་སྦྲུམ་བུ་དེ་ད་དུང་དངོས་སུ་སྐྱེས་མེད་པས། སྦྲུམ་བུའི་ཨ་མས་དེའི་ཚབ་ཏུ་ཤུལ་འཛིན་བྱེད་དགོས། ཀླུ་འབུམ་གྱིས་ཚེ་ཐོག་ཏུ་ཁ་ཆེམས་བཞག་མེད་པས། ཁོའི་ཤུལ་ནོར་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་བགོ་བཤའ་རྒྱག་དགོས་ཏེ། ཀླུ་འབུམ་གྱི་ཕ་མ་གཉིས་དང་ཆུང་མ་ལྷ་སྐྱིད་དང་ལྷ་སྐྱིད་ཀྱི་མངལ་དུ་གནས་པའི་སྦྲུམ་བུ་བཅས་མི་བཞི་པོས་ཤུལ་འཛིན་བྱེད་དགོས། གལ་ཏེ་མངལ་གྱི་ཕྲུ་གུ་སྐྱེས་མ་ཐག་ཤི་བོ་ཡིན་ན། བྱིས་པ་ཤི་བོ་དེས་ཤུལ་འཛིན་བྱས་པའི་ཤུལ་ནོར་དེ་སྐལ་གསུམ་དུ་བགོས་ནས་ཀླུ་འབུམ་གྱི་ཕ་མ་གཉིས་དང་ཆུང་མ་ལྷ་སྐྱིད་བཅས་གསུམ་ཀས་ཆ་སྙོམས་ཀྱིས་བགོས་ཆོག དེའི་ཕྱིར། ལྷ་སྐྱིད་ཀྱི་མངལ་དུ་གནས་པའི་ཕྲུ་གུར་ཤུལ་ནོར་རྒྱུན་འཛིན་བྱེད་པའི་དབང་ཆ་ཡོད་དོ། །


འབྲེལ་ཡོད་ཁྲིམས་ཚན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན16པ། ཤུལ་ནོར་རྒྱུན་འཛིན་དང་སྦྱིན་པ། ཡང་ན་དང་ལེན་བྱེད་པ་སོགས་སྦྲུམ་བུའི་ཁེ་ཕན་སྲུང་སྐྱོབ་དང་འབྲེལ་བའི་བྱ་བར་འཕྲད་སྐབས། སྦྲུམ་བུ་དེར་དམངས་དོན་དབང་ཆའི་ནུས་པ་ཡོད་པར་བརྩི་བ་ཡིན། འོན་ཀྱང་། མངལ་གྱི་ཕྲུ་གུ་བཙའ་སྐབས་ཤི་བོ་ཡིན་ན། དེའི་དམངས་དོན་དབང་ཆའི་ནུས་པ་མགོ་མཇུག་བར་གསུམ་དུ་མེད་པ་རེད།

དོན་ཚན1155པ། ཤུལ་ནོར་བགོ་སྐབས། སྦྲུམ་བུར་རྒྱུན་འཛིན་གྱི་སྐལ་འཇོག་དགོས། མངལ་གྱི་ཕྲུ་གུ་བཙའ་སྐབས་ཤི་བོ་ཡིན་ན། དེར་བཞག་པའི་སྐལ་དེ་ཁྲིམས་བཀོད་ཀྱི་རྒྱུན་འཛིན་བྱེད་ཐབས་ལྟར་བསྒྲུབ་དགོས།


ཁྲིམས་ཚན་ཞིབ་འགྲེལ།

གོང་གི་ཁྲིམས་ཚན་དག་ནི་དམངས་དོན་ཁྲིམས་གཞུང་ལས་སྦྲུམ་བུའི་ཁེ་དབང་ལ་དམིགས་བསལ་གྱིས་སྲུང་སྐྱོབ་བྱེད་པའི་སྐོར་གྱི་གཏན་འབེབས་རེད། སྦྲུམ་བུ་དེ་ད་རུང་དངོས་སུ་བཙས་མེད་པས། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་དམངས་དོན་བྱེད་པོ་མིན་ལ། དབང་ཆའི་བྱེད་པོར་ཡང་བརྩི་མི་རུང་། ཡིན་ནའང་། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། སྦྲུམ་བུའི་ཁེ་ཕན་སྲུང་སྐྱོབ་དང་འབྲེལ་བའི་བྱ་བར་འཕྲད་སྐབས། སྦྲུམ་བུ་དེ་བཅའ་ཁྲིམས་ངོས་ཐད་ཀྱི་མིར་བརྩི་དགོས་ལ། དམངས་དོན་གྱི་དབང་ཆ་ལོངས་སུ་སྤྱད་ཆོག བྱེ་བྲག་ཏུ་བཤད་ན། གཤམ་གསལ་གྱི་གནས་ཚུལ་རིགས་བཞི་འདུས་ཏེ།

(1)སྦྲུམ་བུའི་ཤུལ་ནོར་རྒྱུན་འཛིན་གྱི་དབང་ཆར་སྲུང་སྐྱོབ་བྱེད་པ། སྦྲུམ་བུས་རྒྱུན་འཛིན་གྱི་དབང་ཆ་ལོངས་སུ་སྤྱད་ཆོག

(2)སྦྲུམ་བུར་བྱིན་པའི་དབང་ཆར་སྲུང་སྐྱོབ་བྱེད་པ། དཔེར་ན་ཕྲུ་གུ་མ་བཙས་པའི་སྔོན་དུ་སྤོ་བོས་སྦྲུམ་བུར་གཡང་ཊིའི་ལག་གདུབ་ཆ་གཅིག་བྱིན་པ་ཡིན་ན། ཕ་མ་གཉིས་ཀྱིས་སྦྲུམ་བུའི་ཚབ་ཏུ་དང་ལེན་བྱེད་པ་དང་། སྦྲུམ་བུར་གཡང་ཊིའི་ལག་གདུབ་ཆ་གཅིག་གི་བདག་དབང་ཡོད།

(3)སྦྲུམ་བུའི་བདེ་ཐང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། དཔེར་ན་མངལ་སྦྲུམ་པའི་དུས་ཡུན་ནང་། སྨན་བཅོས་དོན་རྐྱེན་གྱི་དབང་གིས་གནོད་འཚེ་བྱུང་བ་ཡིན་ན། མ་བཙས་སྔོན་ལ་དེའི་ཕ་མས་སྦྲུམ་བུར་གནོད་འཚེ་ཐེབས་པའི་མི་ལུས་གནོད་ཐེབས་སྐྱིན་ཚབ་འཇལ་དགོས་པའི་རེ་བ་ཞུ་བའི་དབང་ཆ་སྤྱད་ཆོག་ལ། སྦྲུམ་བུ་བཙས་རྗེས་སྨན་བཅོས་དོན་རྐྱེན་དང་འབྲེལ་བ་ཡོད་པ་རྩད་ཆོད་རྗེས། སྦྲུམ་བུས་མི་ལུས་གནོད་ཐེབས་སྐྱིན་ཚབ་འཇལ་བའི་རེ་བ་ཞུ་བའི་དབང་ཆ་སྤྱད་ཆོག་ཅིང་། ཕ་མ་གཉིས་ཀྱིས་ཁོའི་ཚབ་ཏུ་དབང་ཆ་དེ་སྤྱོད་དགོས།

(4)སྦྲུམ་བུའི་ཐོབ་ཐང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། དཔེར་ན་སྦྲུམ་བུ་མ་སྐྱེས་པའི་སྔོན་དུ། ཁོའི་ཨ་ཕ་ཁ་ལོ་བ་བཟི་བོས་བཟོས་པའི་འཁོར་བགེགས་ལས་རྐྱེན་ལམ་དུ་ཤོར་བ་ཡིན་ན། སྦྲུམ་བུས་དོན་རྐྱེན་སློང་མཁན་ལ་གསོ་རྟེན་གྲོན་དངུལ་དང་སེམས་གསོ་དངུལ་སྟེར་བའི་རེ་བ་བཏོན་ཆོག་ལ། དབང་ཆ་དེ་སྦྲུམ་བུའི་ཨ་མས་དེའི་ཚབ་ཏུ་སྤྱད་ཆོག

མཉམ་འཇོག་རྒྱུ་ཞིག་ལ། གལ་ཏེ་སྦྲུམ་བུ་སྐྱེས་མ་ཐག་ཤི་བོ་ཡིན་ན། སྦྲུམ་བུའི་ཁེ་ཕན་སྲུང་སྐྱོབ་དང་འབྲེལ་བ་མེད་པ་རེད། དེ་བས། སྦྲུམ་བུར་བཞག་པའི་ཤུལ་ནོར་གྱི་སྐལ་དེ་རྒྱུན་འཛིན་བྱ་ཡུལ་གྱི་ཁྲིམས་བཀོད་རྒྱུན་འཛིན་པས་རྒྱུན་འཛིན་བྱེད་དགོས་པ་དང་། སྔོན་ལ་སྤྲད་ཟིན་པའི་རྒྱུ་ནོར་དག་ཕྱིར་སྤྲོད་དགོས་ལ། བྱིན་པའི་རྒྱུ་ནོར་སྤོ་བསྒྱུར་མ་བྱས་ན། ཕྲུ་གུ་ཤི་བོ་དེའི་ཕ་མས་དངོས་པོ་སྟེར་མཁན་གྱིས་བྱིན་པའི་རྒྱུ་ནོར་སྟེར་རྒྱུའི་རེ་བ་བཏོན་མི་ཆོག ཨ་ཕ་ཚེ་ལས་འདས་པ་ལས་སྦྲུམ་བུར་ཐོབ་པའི་གསོ་རྟེན་གྲོན་དངུལ་དང་སེམས་གསོ་དངུལ་སོགས་ཕྱིར་སྤྲོད་དགོས་པ་རེད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号